ན་གཞོན་བརྙན་ལེན་པ་དང་སྒྲིག་སྦྱོར་བ་ཀུན་དགའི་སྒྱུ་རྩལ་བརྩམས་ཆོས།

ཨ་ནུ་རིང་ལུགས། གླུ་གཞས་ཆེད་བསྒྲིགས།

      ཨ་ནུ་ཚན་སྡེབ་ནི་ཡུལ་ཤུལ་ནས་ཐོན་པའི་སྒྱུ་རྩལ་ལ་དད་པ་རྣམ་དག་ཡོད་མཁན་གྱི་ན་གཞོན་གཉིས་ཏེ། གླུ་གཞས་སྒྱུ་རྩལ་ནི་ཁོང་གཉིས་ལ་མཚོན་ན་མི་ཡུལ་ནས་སེམས་པ་ཁེན་ས་དང་འཚོལ་སྙེག་བྱེད་ས་ཡིན། ཁོང་གཉིས་ནི་ཕུགས་བསམ་ཡོད་ཀྱང་ལག་ལེན་མེད་པའི་མི་ནང་བཞིན་སྡོད་འདོད་མེད་པར་པེ་ཅིང་སོགས་སུ་སློབ་གྲྭར་འགྲིམས་ཤིང་དེང་རབས་ཀྱི་གླུ་གཞས་ཕྱོགས་ལ་སྦྱང་བ་གང་མང་བྱས། དེར་བརྟེན། ཁོང་གཉིས་ཀྱི་གླུ་ཚིག་གི་ནང་དོན་དང་རོལ་དབྱངས། ད་དུང་བརྙན་ལེན་སྟངས་སོགས་མདོར་ན་གླུ་གཞས་ཧྲིལ་བོར་དེང་རབས་ཀྱི་རྣམ་པ་དང་ཁྱད་ཆོས་ལྡན་པར་མ་ཟད་ཁོང་གཉིས་ཀྱི་གླུ་གཞས་དག་གིས་ན་ཆུང་མང་བོའི་འཚོལ་སྙེག་དང་སེམས་ཁམས་ཀྱང་མཚོན་གྱིན་ཡོད།

     ད་དུང་ཁོང་གཉིས་ནི་གླུ་གཞས་རྐྱང་རྐྱང་ལེན་མཁན་ཙམ་མ་ཡིན་པར་གྱོན་གོས་འཆར་འགོད་དང་གསར་གཏོད་ཕྱོགས་ལའང་མོས་འདུན་ཧ་ཅང་ཆེ་བས། ༼ཨ་ནུ་༽ཞེས་པའི་མི་རིགས་ཀྱི་རྣམ་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ལྭ་བ་འགའ་ཡང་གསར་གཏོད་བྱས་ཡོད། མདོར་ན་ཁོང་གཉིས་ཀྱི་མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་ལམ་བུར་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པར་ཞུ་ཞུ།

ཡུལ་ནས་ཡོང་དུས།

འཁྲབ་ཁྲིད།  ཨ་ནུ་རིང་ལུགས།

བརྙན་ལེན།  ཀུན་དགའ།

སྒྲིག་སྦྱོར།  ཀུན་དགའ།

རོལ་མོ།  ཏན་ཏན།

༼ ཨ་ནུ། ༽

ཨ་ནུ་ཞེས་པ་རོལ་མོ་ཞིག་ཡིན།

འཛམ་གླིང་ཡང་རྩེ་ནས་དཀྲོལ་བའི་སེམས་ཀྱི་རོལ་མོ་ཞིག་ཡིན།

ཨ་ནུ་ཞེས་པ་གླུ་སྐད་ཅིག་ཡིན།

སའི་གོ་ལའི་མཐོ་ས་ནས་མཆེད་པའི་ལང་ཚོའི་གླུ་སྐད་ཅིག་ཡིན།

ཨ་ནུ་ཞེས་པ་དབྱངས་རྟ་ཞིག་ཡིན།

མཚོ་བོད་མཐོ་སྒང་ནས་གྲག་པའི་རང་བྱུང་གི་དབྱངས་རྟ་ཞིག་ཡིན།

ཨ་ནུ་ཞེས་པ་རེ་བ་ཞིག་ཡིན།

སྒྱུ་རྩལ་གྱི་རྨི་ལམ་སེམས་ལ་ཉར་བའི་རེ་བ་ཞིག་ཡིན།

ཨ་ནུ་ཞེས་པ་སྨོན་འདུན་ཞིག་ཡིན།

འཚོ་བ་ལ་ཕུལ་བའི་ཆེས་དྭངས་གཙང་གི་སྨོན་འདུན་ཞིག་ཡིན།

ཨ་ནུ་ཞེས་པ་དད་པ་ཞིག་ཡིན།

ལང་ཚོ་དང་སྒྱུ་རྩལ་ལ་བཅངས་པའི་རྣམ་དག་གི་དད་པ་ཞིག་ཡིན།

ཨ་ནུ་ཞེས་པ་སྙིང་སྟོབས་ཤིག་ཡིན།

སེམས་ཀྱི་འདོད་པ་གླུ་རུ་ལེན་པའི་སྙིང་སྟོབས་ཤིག་ཡིན།

བརྙན་ལེན་སྒྲིག་སྦྱོར་བའི་འབྲེལ་གཏུག་ཁ་པར།

18797151779


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/7/6 བལྟ་ཀློག (5239)