ཧྥ་རན་སིའི་ནང་དམར་གསོད་དོན་རྐྱེན་བྱུང་།

ཧྥ་རན་སིའི་ནང་དམར་གསོད་དོན་རྐྱེན་བྱུང་།

      2016-7-14 ཧྥ་རན་སིའི་རྒྱལ་ཡོངས་དུས་ཆེན་གྱི་སྤྲོ་ཚོགས་གྲོལ་རྗེས་ནི་སི་གྲོང་ཁྱེར་གྱི་མི་ཚོགས་ནང་སྐྱེལ་འདྲེན་རླངས་འཁོར་ཞིག་གང་བྱུང་དུ་བཏང་སྟེ་ཉུང་མཐར་མི་གྲངས་ ༨༠ རྐྱེན་ལམ་དུ་བཏང་ཡོད་འདུག   ཧྥ་རན་སིའི་ལྷོ་རྒྱུད་དུ་ཡོད་པའི་གྲོང་ཁྱེར་ནི་སི་(Nice)ནང་མི་ཚོགས་མང་པོ་འདུ་འཛོམས་ཀྱིས་རྒྱལ་ཡོངས་དུས་ཆེན་(Bastille Day)སྲུང་བརྩི་བྱས་ཡོད་པ་དང་། སྤྲོ་ཚོགས་གྲོལ་རྗེས་གློ་བུར་དུ་སྐྱེལ་འདྲེན་རླངས་འཁོར་ཞིག་གིས་མི་ཚོགས་ནང་གང་བྱུང་དུ་བརྡུངས་ཏེ་ཉུང་མཐར་མི་གྲངས་ ༨༠ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

ཧྥ་རན་སིའི་རྒྱལ་ཡོངས་དུས་ཆེན་གྱི་སྤྲོ་ཚོགས་ཀྱི་ཡུལ་དངོས།

དམར་གསོད་དོན་རྐྱེན་བྱུང་བའི་ཡུལ་དངོས།


      ནི་སི་ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། རླངས་འཁོར་ཁ་ལོ་བ་དེར་ཉེན་རྟོག་པས་མེ་མདས་བརྒྱབ་སྟེ་ཡུལ་དངོས་ནས་བསད་ཡོད་པ་དང་། རླངས་འཁོར་ནང་དུ་མེ་མདའ་དང་འབར་རྫས་གསོག་ཉར་བྱས་ཡོད་པ་རྙེད་སོན་བྱུང་ཡོད་སྐོར་བརྗོད་འདུག་ལ། དམར་གསོད་དོན་རྐྱེན་བྱུང་རྗེས་གྲོང་ཁྱེར་ཧྲིལ་པོའི་དུས་སྟོན་འདུ་འཛོམས་ཡོད་ཚད་ཕྱིར་འཐེན་བྱས་ཡོད་འདུག
ཧྥ་རན་སིའི་སྲིད་འཛིན་Francois Hollandeལགས་ཀྱིས་ཧྥ་རན་སི་རྒྱལ་ཡོངས་ཁ་ཆེའི་དྲག་སྤྱོད་པའི་འཇིགས་སྐུལ་འོག་ཏུ་གནས་ཡོད་པས་དེ་ལ་ཕལ་རྒོལ་གང་ཐུབ་བྱ་དགོས་སྐོར་དང་། རྒྱལ་ཡོངས་ནང་དམག་མི་དང་བདེ་སྲུང་མི་སྣ་འབོར་ཆེན་འགྲེམས་འཇོག་བྱས་ཏེ་ལྟ་སྲུང་བྱེད་དགོས་ལ། དམིགས་བསལ་གྱིས་མཐའ་མཚམས་ཁག་ཏུ་ལྟ་སྲུང་ནན་མོ་བྱེད་དགོས་སྐོར་བསྒྲགས་ཡོད་འདུག


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/7/16 བལྟ་ཀློག (5857)