ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་སེར་ཤུལ་དགོན་དུ་འཚོགས་​པའི་གནས་ཚུལ་རགས་བསྡུས།

ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་སེར་ཤུལ་དགོན་དུ་འཚོགས་པའི་གནས་ཚུལ་རགས་བསྡུས།   

  མགར་ཐར་འཇིགས་མེད་བསམ་འགྲུབ། 

   ༄༅།། དེ་ཡང་ཟབ་དོན་དབུ་མའི་བགྲོ་གླེང་ནི་སེར་ཤུལ་ཁྲི་ཟུར་དགེ་བཤེས་བསྟན་འཛིན་ཡོན་ཏན་དང་དགེ་བཤེས་བཀྲ་ཤིས་བསོད་ནམས་སོགས་ཀྱིས་སྐུལ་སློང་དབུ་འདྲེན་འོག་ནས་བཙུགས་པ་ཞིག་ཡིན་ལ་རྗེ་ཙོང་ཁ་པའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་ལས་བརྩམས་ཏེ་བགྲོ་གླེང་འབེལ་གཏམ་གནང་རྒྱུ་ཞིག་ཡིན།    ཐེངས་དང་པོ་སེར་ཤུལ་དང་དེ་ནས་ཨ་མདོ་བུ་རྒུ།  རྭ་རྒྱ། གཙང་དགོན་པ་བཅས་ནས་ཐེངས་དྲུག་ལ་འཚོགས་ཟིན་པ་དང་།  ད་ཐེངས་བོད་ཟླ་༦ཚེས་བརྒྱད་དང་སྤྱི་ཟླ་8ཚེས11ནས་ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་དབུ་བཙུགས།

ཚོགས་རའི་ཡུལ་དངོས་ཤིག

ཚོགས་རའི་ཡུལ་དངོས་ཤིག

       ད་ལོ་ནི་ཚོགས་འདུ་དམིགས་བསལ་བ་ཞིག་སྟེ། ཉིན་དང་པོ་གསུམ་གྱི་རིང་གདན་ས་སེར་འབྲས་དགེ་གསུམ་དང་མདོ་དབུས་ཁམས་གསུམ་གྱི་གྲྭ་ས་ཆེ་ཁག་གི་དགེ་བཤེས་དང་དགེ་རྒན་བརྒྱ་ཕྲག་ལྷག་གིས་དབུ་མ་ཐལ་འགྱུར་བའི་དཀའ་གནད་བརྒྱད་ལ་བརྒལ་བརྟགས་རིགས་ལམ་གྱིས་དཔྱད་པ་ཟབ་མོ་གནང་བ་དང་།

མཁས་པ་ཚོས་གཏམ་བཤད་ཡིད་འཁུལ་བ་བྱ་བཞིན་པ།

        དེ་བཞིན་ལྷོ་ནུབ་སློབ་ཆེན་ནས་རྒན་ཐུབ་བསྟན་ཕུན་ཚོགས། དཀོན་མཆོག་བསྟན་འཛིན།   ཤ་བོ་ཀླུ་རྒྱལ།   དཀར་མཛེས་ཡིག་ཚགས་ཁང་གི་སྡེ་རོང་ཚེ་རིང་དོན་འགྲུབ། པེ་ཅིང་བོད་རིག་པ་དཔེ་སྐྲུན་ཁང་གི་རྒྱལ་མོ་འབྲུག་པ། པེ་ཅིང་བོད་རིག་པ་ཞིབ་འཇུག་ཁང་གི་འཇིགས་མེད་བསམ་འགྲུབ།  བཀའ་བསྟན་དཔེ་བསྡུར་ཁང་གི་ལྡོང་ཆུ་ཤེལ།    སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་བསོད་ནམས་རྒྱལ།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྨེ་རུ་ཡུལ་ལྷ་ཐར། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་འདུན།  ཀུན་དགའ། བྱམས་པ། གངས་ལྗོངས་ཤེས་རིག་སློབ་གླིང་གི་ལྡོང་ཡོན་ཏན་རྒྱ་མཚོ།  གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ཀྱི་འགོ་གཙོ་དཀོན་མཆོག་རྡོ་རྗེ།    བཙན་པོའི་མགར་གྱི་དྲ་བའི་གཙོ་བདག་ཁཱ་ཤེས་རབ་རྒྱ་མཚོ་སོགས་བོད་ཁུལ་གྱི་རིག་གནས་པ་མང་པོ་ལྷན་དུ་བསྡུས་ཏེ་སྣ་མང་རིག་གནས་ཀྱི་བགྲོ་གླེང་ཟབ་རྒྱས་གནང་སྟེ་ཆོས་རིག་ཡར་ངོའི་ཟླ་ལྟར་འཕེལ་བར་མཛད།

ཚོགས་རའི་ཟུར་དངོས་ཤིག

ཉིན་བཞི་པར་དཔལ་སྤྲུལ་རྡོ་འབུམ་དང་འདི་གའི་རྟེན་བརྟེན་པར་བཅས་ལ་གནས་གཟིགས་གཏོང་བཞིན་པ།

སྤང་ལྗོངས་སུ་སྤྲོ་གསེང་བྱས་པ།

སྐུ་རིམ་གྱི་རྣམ་པ།

མཐོ་རིམ་རབ་འབྱམས་པའི་དམ་བཅའ་འབུལ་བཞིན་པ།

    ཉིན་ལྔ་པར་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་བཙུགས་ནས་ལོ་བཅུ་དྲུག་སོང་ཞིང་དེའི་རིང་མགོ་བསྡུས་གྲྭ་ནས་མཇུག་གསང་སྔགས་ཀྱི་བར་དང་། ཐུན་མོང་རིག་གནས་ཀྱི་སློབ་གཉེར་མཐར་སོན་པའི་སྐབས་དང་པོའི་མཐོ་རིམ་རབ་འབྱམས་པ་དང་།     སྐབས་གཉིས་པའི་དབུ་མ་རབ་འབྱམས་པ་དང་ཕར་ཕྱིན་འབྱམས་པ། སྐབས་དང་པོའི་ཚད་མ་རབ་འབྱམས་པའི་ཕྱག་ཁྱེར་གནང་།       སྐུ་མགྲོན་གྱི་ཁོངས་སུ་ཡོད་པའི་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསོད་དབྱངས་ལགས་དང་ལྡོང་ཡོན་ཏན་རྒྱ་མཚོ། སྡེ་རོང་ཚེ་རིང་དོན་གྲུབ་གསུམ་གྱིས་གསུང་བཤད་གལ་ཆེན་གནང་ཞིང་སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཤིས་གཞོན་པ་ནོར་བུ་རྒྱལ་མཚན་དང་། གདན་ཞུའི་ཁོངས་སུ་ཡོད་པའི་དབུས་ཀྱི་གདན་ས་གསུམ་དང་གཙང་བཀྲིས་ལྷུན་པོ་ནས་དངོས་སུ་ཕེབས་མ་ཐུབ་པ་རྣམས་ཀྱི་ཤིས་ཚིག་གནང་བ་རྣམས་སྒྲོགས་སྦྱང་བྱས་ཤིང་། གཞན་དགེ་རྒན་དོན་དགའ་དང་བསྟན་པ་འཕྲིན་ལས། དགེ་རྒན་ཐུབ་དགའ་བཅས་ལ་དགེ་བཤེས་ལྷ་རམས་པར་བསྐོ་བཞག་མཛད་ཅིང་དགེ་རྒན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཛད་རིམ་རྒྱ་ཆེན་དང་།   ཕྱོགས་མཐའ་ཁག་གི་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་འབུལ་དང་གླུ་གར་རྩེད་རིགས་ཀྱི་སྤྱན་གཟིགས་ཕུན་སུམ་ཚོགས་ཚོགས་པ་བསྟར་ཏེ་བཀྲ་ཤིས་ལུགས་ལེགས་ཀྱི་ངང་ནས་མཇུག་གྲོལ།

ཚོགས་གྲོལ་བའི་ཡུལ་དངོས།

ཟབ་དོན་དབུ་མའི་བགྲོ་གླེང་ཐེངས་བདུན་པ་སེར་ཤུལ་དགོན་དུ་འཚོགས་པའི་དྲན་རྟེན་མཉམ་བསྒྲོན།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/8/15 བལྟ་ཀློག (7248)