ས་སྐྱ་ལེགས་བཤད། ༼༡༣༽

ས་སྐྱ་ལེགས་བཤད། ༼༡༣༽

བློ་ཆུང་གྲོས་ཉེས་འཁྲུགས་པའི་ཚེ། །

བློ་ལྡན་ཐབས་ཀྱིས་བདེ་བར་གསོ། །

ཆུ་ཀླུང་རྙོག་པས་ཆུད་གསན་པ། །

ཆུ་དྭངས་ནོར་བུས་དྭངས་བར་བྱེད། །

         བློ་གྲོས་ཆུང་བས་འཕྲལ་ཕུགས་ཀྱི་འདུན་མ་སྒྲུབ་པའི་ཐབས་ལ་རྨོངས་པས་ཡིད་འཁྲུགས་པ་ན། བློ་གྲོས་དང་ལྡན་པས་ཐབས་བསྟན་པའི་སྒོ་ནས་རྒྱུད་འཁྲུགས་པ་དེ་གསོ་བར་བྱེད་པ་དེ་བསྟན་པ་ཡིན། །


         དེ་ཡང་ཐབས་མཁས་དང་བྲལ་བའི་བློ་གྲོས་ཆུང་ཆུང་དག་འཕྲལ་ཕུགས་ཀྱི་བྱ་བ་སྒྲུབ་པའི་ཚེ་གྲོས་ཉེས་པ་སྟེ་ཐབས་ལ་རྨོངས་ཏེ་ང་ལན་ཁྱོད་ལན་གྱི་འཁྲུགས་པའི་ཚེ་ན། བློ་ཆེན་ཏེ་ཐབས་ལ་མཁས་པས་ཐབས་བཟང་བསྟན་པའི་སྒོ་ནས་བདེ་བར་གསོ་བ་ཡིན་ཏེ། དཔེར་ན་ཐལ་རྡུལ་སོགས་ཀྱི་ཆུ་ཀླུང་རྙོག་པས་ཆུད་གསན་པ་སྟེ་ལོངས་སྤྱོད་དུ་མི་རུང་བར་གྱུར་པ་ན། ཆུ་རྙོག་དྭངས་བྱེད་ནོར་བུ་ཀེ་ཏ་ཀས་རྙོག་རྡུལ་དྭངས་ཏེ་ལོངས་སྤྱོད་དུ་རུང་དུ་གྱུར་པ་ལྟར་ཡིནཔས། བྱ་བ་སྒྲུབ་པའི་ཐབས་ལ་རྨོངས་པའི་ཚེ་བློ་གྲོས་དང་ལྡན་པ་བསྟེན་ནས་ཐབས་ཚུལ་ཤེས་པ་བྱ་རྒྱུ་གལ་ཆེ་བ་ལགས་སོ། །

         བློ་ཆུང་གྲོས་ཉེས་འཁྲུགས་པ་བློ་ཆེན་གྱིས་ཐབས་ཀྱིས་བདེ་བར་གསོ་ཚུལ་ནི། དེ་ཡང་ལོ་རབས་བརྒྱད་ཅུ་པའི་ནང་མདོ་སྨད་ཁུལ་དུ་ལུང་ཚོ་ཕན་ཚུན་བར་ལ་རྩྭ་སའི་ཐོག་རྩོད་རྙོག་ཆེན་པོ་བྱུང་སྟེ། དེ་ཞི་མོལ་གྱི་ཐོག་ནས་ཐག་གཅོད་བྱེད་པའི་ཐབས་ལམ་མ་རྙེད་པར་གྲི་མེ་མདའ་སོགས་བེད་སྤྱད་དེ་ཕན་ཚུལ་འཁྲུགས་ཏེ་མི་མང་པོ་ཤི་རྨས་ཀྱི་གནས་ཚུལ་ཐབས་རྡུགས་བྱུང་བའི་ཚེ། པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་ཕེབས་ཏེ། ཁོ་ཚོར་རྩྭ་སའི་དོན་ལ་དེ་ལྟར་རྩོད་དོན་གང་ཡིན་གསུངས་པས། རྩྭ་ས་མེད་ན་ཕྱུགས་རིགས་འཚོ་ཐབས་མེད་ཅེས་ཞུས་པར། རྩྭ་སའི་དོན་དུ་ཤི་ན་ཕྱུགས་རིགས་ཀྱིས་ཅི་བྱེད་གསུངས་པས་ལན་མེད་དུ་གྱུར་པ་དང་། གཞན་ཡང་ཕན་ཚུན་འཆམ་མཐུན་གལ་ཆེ་ལུགས་ཀྱི་བཀའ་སློབ་རྒྱ་ཆེར་གནང་བས་རྩོད་པ་ཐམས་ཅད་རང་ཞིར་གྱུར་པ་བཞིན་ནོ། །


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/8/20 བལྟ་ཀློག (2868)