ས་སྐྱ་ལེགས་བཤད། ༼༡༤༽

ས་སྐྱ་ལེགས་བཤད། ༼༡༤༽

མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །

བླུན་པོ་འཇུག་པའི་ལམ་མི་འགྲོ། །

ཆར་བསྡོད་བྱིའུ་སྐོམ་ན་ཡང་། །

ས་ལ་འབབ་པའི་ཆུ་མི་མཐུང་། །

         འཕྲལ་ཕུགས་ཀྱི་ཁེ་ཉན་ཤེས་པས་ཇི་ལྟར་ཐབས་རྡུགས་ཀྱང་། བླུན་པོ་འཇུག་པའི་ལམ་རྐུ་ཁྲམ་སོགས་ལ་མི་འཇུག་པར་བསྟན་པ་དེ་ཡིན།

         དེ་ཡང་འཕྲལ་ཕུགས་ཀྱི་ཁེ་གྱོང་ཤེས་པའི་མཁས་པ་ཞིག་ཡིན་ན། ལྟོ་གོས་ཀྱིས་ཕོངས་པའམ་ནད་ཀྱིས་མནར་བ་སོགས་ཐབས་ཟད་འུ་ཐུག་ཏུ་གྱུར་ཀྱང་། བླུན་པོ་འཇུག་པའི་ལམ་རྐུ་ཁྲམ་སོགས་ལ་མི་འཇུག་སྟེ། དཔེར་ན་ཆར་འབབ་པའི་ལོ་མའི་སྟེང་གི་ཆུ་འཐུང་བའི་བྱེའུ་ཁུ་བྱུག་རྣམས་ཇི་ལྟར་སྐོམ་ཡང་ས་ལ་བབ་པའི་བཙོག་ཆུ་མི་འཐུང་བ་བཞིན་ནོ། ཞེས་པའོ།

         མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་བླུན་པོ་འཇུག་པའི་ལམ་ལ་མི་འཇུག་པའི་ཚུལ་ནི། བྲམ་ཟེ་བླ་སློབ་གཉིས་ལྟོ་གོས་ཀྱིས་ཕོངས་ནས་ཡོད་པས། དགེ་རྒན་གྱིས་སློབ་མ་དེར་གཙུག་ལག་ནས་བཤད་པའི་ནོར་བསྒྲུབ་པའི་ཐབས་ཡོད་དེ། འཇིག་རྟེན་གྱི་ནོར་འདི་ཐམས་ཅད་བྲམ་ཟེའི་ནོར་ཡིན་པས། བྲམ་ཟེ་རྒུད་པའི་ཚེ་ནོར་སུས་ཀྱང་མ་མཐོང་བར་རྐུ་བ་ནི་ཆོས་སུ་བཤད་དོ། འོན་ཀྱང་གྲགས་པ་ངན་པ་བསྲུང་བའི་ཕྱིར་གཞན་གྱིས་མཐོང་བཞིན་དུ་བླང་བ་དང་འཕྲོག་པའི་མི་བྱའོ་ཞེས་གདམས་ཀྱང་། སློབ་མ་དེ་ཉེས་སྤྱོད་སྤངས་པའི་སྐྱེ་བོ་ཁྱད་པར་ཅན་ཞིག་ཡིན་པས། དགེ་རྒན་ལ། ལྷ་ཡི་སྤྱན་མངའ་ཐུབ་པ་དང་། །མི་མིན་འབྱུང་པོས་རིག་པའི་ཕྱིར། །སྡིག་པ་བྱེད་པ་འཇིག་རྟེན་འདིར། །སུས་ཀྱང་མི་མཐོང་མི་སྲིད་དོ། །སྐྱོན་ཡོན་ཤེས་པ་ནོར་གྱི་ཕྱིར། །སུ་ཞིག་ཡོན་ཏན་ཆུད་གསོན་བྱེད། །ཁྱེད་ནི་སྨད་པའི་ལས་མཛད་པར། །བདག་གི་ཡིད་ལ་ཡོང་མི་བསམ། །ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བ་བྱེད་པ་བས། །གྱོ་མོའི་སྣོད་ཐོགས་གོས་ཞུགས་པ་ལྟར་ལགས་པས། དམ་པ་རྣམས་ཕོངས་ཀྱང་མི་རྐུ་ན། །འབྱོར་པ་དང་ལྡན་བཞིན་དུ་གཞན་ནོར་འཁྱེར་བ་ནི་བསམ་བཞིན་དུ་རང་ཉིད་ལོག་པའི་ལམ་དུ་ཞུགས་པ་ལགས་སོ། །༼གྱོ་མོ་སྟེ་རྫ་བཟོའི་སྣོད་ཆས་ལ་གོ།༽


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/8/23 བལྟ་ཀློག (2562)