ས་སྐྱ་ལེགས་བཤད། ༼༡༥༽

ས་སྐྱ་ལེགས་བཤད། ༼༡༥༽

ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །

བྱ་བའི་ཆ་ལ་རྨོངས་མི་འགྱུར། །

སྲོག་ཆགས་གྲོག་མ་མིག་མེད་ཀྱང་། །

མིག་ལྡན་གཞན་པས་ལྷག་པར་མགྱོགས། །

          གང་ལ་གང་འཚམས་ཀྱི་ལན་ལྡོན་ཏེ་ལན་འདེབས་པའི་ཐབས་ལ་མཁས་པ་ཞིག་ཡིན་ན། གཞན་གྱིས་ཐབས་ཚུལ་སྣ་ཚོགས་ཀྱིས་མགོ་བསྐོར་ཡང་། དེ་ལན་ལྡོན་པའི་ཐབས་ལ་མི་རྨོངས་པ་དེ་བསྟན་པ་ཡིན། །


          དེ་ཡང་གང་ག་གང་གདུལ་གྱི་ཤེས་རབ་དང་ལྡན་པ་ཞིག་ཡིན་ན། གཞན་གྱིས་ཐབས་སྣ་ཚོགས་ཀྱིས་མགོ་བསྐོར་ཡང་དེ་ལ་འཚམས་པའི་ལན་ལྡོན་པའི་བྱ་བའི་ཆ་ལ་རྨོངས་པར་མི་འགྱུར་ཏེ། དཔེར་ན་སྲོག་ཆགས་གྲོག་མར་མིག་མེད་ཀྱང་ལུས་སྟོབས་ལ་དཔགས་ན་མིག་ལྡན་གཞན་ལས་ལྷག་པར་མགྱོགས་ལྟར་རོ། ཞེས་པའོ། །


          དེ་ཡང་ཡུལ་འཁོར་མ་འཇིག་ན། རྒྱལ་པོ་བསྐམས་ཆགས་ཅན་ཞིག་དང་། སྔོན་གྱི་བསོད་ནམས་ཀྱི་དབང་ལས་གང་ལ་ཅི་འདོད་བྱུང་བའི་ཁྲོན་པ་དང་ལྡན་པའི་བྲམ་ཟེ་འབྱོར་ལྡན་ཞིག་ཡོད་པ་ལས། ནམ་ཞིག་བྲམ་ཟེ་དེས་རྒྱལ་པོ་གསོལ་སྟོན་ལ་གདན་དྲངས་པས། ཁྲོན་པའི་གནས་ཚུལ་ཤེས་ཏེ་རྒྱལ་པོ་འདོད་རྔམ་ཅན་དེ་བསམ་ངན་སྐྱེས་ཏེ། ཕོ་བྲང་དུ་སླེབས་པ་དང་ཕོ་ཉ་མངགས་ཏེ། ཁྱོད་ཀྱི་ཁྲོན་པ་ཞག་འགའ་རྒྱལ་པོའི་ཕོ་བྲང་དུ་གཡར་དགོས་ཞེས་འཕྲིན་བསྲིངས་པས། བྲམ་ཟེ་ཕ་རྒྱལ་པོ་གསོལ་སྟོན་ལ་གདན་དྲངས་པའི་འགྱོད་པ་དང། རྒྱལ་པོའི་བཀའ་ལན་ཇི་ལྟར་གཞལ་དགོས་མགོ་རྨོངས་ནས་བཞིན་འགྱུར་ཏེ་ཡོད་པ་ན། བྲམ་ཟེའི་བུ་མོས་དེ་ཙམ་ལ་མི་དགའ་བ་བྱེད་དོན་ཅིག་ཡོད། རྒྱལ་པོ་ལ་ཁྲོན་པ་འབུལ་བར་ཁས་ལོངས་ལ། འོན་ཀྱང་ཁྲོན་པ་འཁྲིད་མཁན་མེད་ན་འགྲོ་བ་མི་འདུག་པས། འཁྲིད་མཁན་ཕོ་ཉ་མངགས་པར་འཚལ་ལོ་ཞེས་ཞུས་ཤིག་ཅེས་པ་ལྟར། རྒྱལ་པོ་ལ་འཕྲིན་བསྲིངས་པས། རྒྱལ་པོས་བློན་པོའི་ཚོགས་བསྐོངས་ཏེ། བྲམ་ཟེའི་ཁྲོན་པ་ཁྲིད་མ་ཐུབ་ན། མགོ་བོ་གཅད་དོ་ཞེས་སྨྲས་པས། བློན་པོ་རྣམས་གྲོས་བྱས་ཏེ། རྒྱལ་པོ་མ་བརྟག་པ་ཁྲོན་པ་བུ་མོ་ལྟར་ཁྲིད་ཚུལ་ག་ལ་ཡོད། མུ་ཅོར་སྨྲ་བ་འདི་མ་བསད་ན་རང་ཅག་ལ་འཚེ་བའོ་ཞེས་སྨྲས་ཏེ་རྒྱལ་པོ་བསད་པ་བཞིན་ནོ། །


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/9/5 བལྟ་ཀློག (3117)