ས་སྐྱ་ལེགས་བཤད། ༼༢༡༽

ས་སྐྱ་ལེགས་བཤད། ༼༢༡༽

ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །

འདྲེས་པ་འབྱེད་ཤེས་མཁས་པ་ཡིན། །

བ་ལས་འོ་མ་ཀུན་གྱིས་ལེན། །

ཆུ་ལས་འོ་མ་ངང་པས་ཕྱེད། །

        སྐྱོན་ཡོན་སོ་སོར་གནས་པ་སྤང་བླང་མི་དཀའ་ཡང་། འདྲེས་ནས་ཡོད་པ་སྤང་བླང་དཀའ་བས། འདྲེས་པ་འབྱེད་ཤེས་ཀྱི་ཤེས་རབ་དང་ལྡན་པ་ཞིག་བྱ་དགོས་པ་དེ་བསྟན་པ་ཡིན། །

        ཡོན་ཏན་དང་སྐྱོན་གཉིས་མ་འདྲེས་སོ་སོར་གནས་པ་གཉིས་མཁས་བླུན་སུས་ཀྱང་གསལ་བར་ནུས་ཀྱང་། སྐྱོན་ལ་ཡོན་ཏན་དང་ཡོན་ཏན་ལ་སྐྱོན་དུ་འཁྲུལ་ཉེན་ཡོད་པ་རྣམས་མ་འདྲེས་སོ་སོར་འབྱེད་ནུས་པ་མཁས་པ་ཡིན་ཏེ། དཔེར་ན། འོ་མ་རྐྱང་པར་གནས་པའི་བ་ལས་འོ་མ་ཀུན་གྱིས་ལེན་ལ། འོ་ཆུ་འདྲེས་པ་ལས་ཆུ་དང་འོ་མ་སོ་སོར་འབྱེད་དེ་འོ་མ་ཁོ་ན་ངང་པས་ལེན་པ་བཞིན་ནོ། ཞེས་པའོ། །

        སྐྱོན་ཡོན་འདྲེས་པ་སོ་སོར་དབྱེ་སྟེ་ལེན་པའི་ཚུལ་ནི། མདོའི་དངོས་བསྟན་ཚིག་ཟིན་ལ་ཅི་ཡང་ཡིད་ལ་མི་བྱེད་པར་ཟབ་དོན་སྒོམ་པ་ལྟ་བུར་ཡོད་པས། ཧྭ་ཤང་འགའ་ཞིག་གིས་ཅི་ཡང་ཡིད་ལ་མི་བྱེད་པར་ཟབ་དོན་བསྒོམ་པར་བསམ་སྟེ་ཤེས་བྱེད་དུ་མདོ་ལུང་རྣམས་དྲངས་པ། ཀ་མ་ལ་ཤཱི་ལས། དེ་ལྟ་བུ་བྱས་ཚད་ཆུད་ཟོས་སུ་གཏོང་བའི་ལོག་རྟོག་ཡིན་པར་སྒྲུབ་པ་སྟེ། ཅི་ཡང་ཡིད་ལ་མི་བྱེད་པ་གནས་ལུགས་བསྒོམ་པར་བཟུང་བ་ནི། བདག་མེད་པར་ཡང་བསྒོམ་དུ་མི་རུང་བར་འཁྲུལ་བས། འབྱེད་ཤེས་དགོས་པར་གསུངས་པ་བཞིན་ནོ། །



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/10/23 བལྟ་ཀློག (2136)