མི་ཉག་མགར་ཐར་ཡུལ་གྱི་གཉེན་སྲོལ་སྐོར་མདོར་ཙམ་གླེང་བ།


མི་ཉག་མགར་ཐར་ཡུལ་གྱི་གཉེན་སྲོལ་སྐོར་མདོར་ཙམ་གླེང་བ།

ཕོད་རི་ཕུན་ཚོགས་ལྷུན་གྲུབ།༼ཁམས་པའི་འཛུམ་རིས༽

གླེང་སློང་བ།

         སྤྱིར་སྲིད་པའི་གཏམ་དཔེར་ས་ཆ་རེ་ལ་ལུགས་སྲོལ་རེ།  ལུང་པ་རེ་ལ་འགྲོ་ལུགས་རེ་ཞེས་པ་ལྟར།  མི་ཉག་མགར་ཐར་ཡུལ་གྱི་གཉེན་སྒྲིག་སྲོལ་དེ་ཡང་ཆེ་ཕྱོགས་ནས་མདོ་དབུས་ཁམས་གསུམ་བཅས་བོད་ཁུལ་སྤྱིའི་གཉེན་སྒྲིག་སྲོལ་དང་མཐུན་ཞིང་། བྱེ་བྲག་ཏུ་ས་གནས་རང་གི་ཐུན་མིན་གྱི་ཁྱད་ཆོས་ཀྱང་མི་ཉུང་བ་ཞིག་འདུས་ཡོད།  དེ་ཡང་ཐོག་མར་གཉེན་ཡ་ཇི་ལྟར་འདེམས་པ་དང་།  བར་དུ་སློང་ཆང་ཇི་ལྟར་འདེགས་པ།  མཐའ་མར་གཉེན་སྟོན་གྱི་མཛད་སྒོ་ཇི་ལྟར་སྤེལ་བ་སོགས་ཀྱིས་མཚོན་མི་ཉག་མགར་ཐར་ཡུལ་གྱི་གཉེན་སྲོལ་སྐོར་ནས་མདོར་ཙམ་གླེང་བར་འདོད་དེ།  མི་རིགས་གང་དང་གང་ཞིག་ཡིན་རུང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ལ་བརྩི་འཇོག་དང་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་བྱོལ་མེད་རང་སྟེང་ལ་འཁྲི་བའི་ལས་འགན་ཞིག་ཡིན་པ་ལས་གཞན།  མི་རིགས་འདི་ཉིད་འཇིག་རྟེན་ཁམས་སུ་ཡུན་བརྟན་དུ་གནས་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ལགས་པས་ན།  གཤམ་ནས་ཡུལ་གྲུ་འདིའི་ཐུན་མིན་གྱི་ཁྱད་ཆོས་མངའ་བའི་གཉེན་སྲོལ་གྱི་སྐོར་ནས་མཚམས་སྦྱོར་གྱི་ཚུལ་དུ་གླེང་བ་ལ།


གཅིག  དགའ་རོགས་སྒྲིག་པའི་སྐོར།

         དགའ་རོགས་སྒྲིག་པ་ནི་གཉེན་སྒྲིག་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ།  ཐོག་མར་དགའ་རོགས་སྒྲིག་པ་དང་།  དེ་ནས་གཉེན་སྒྲིག་པའི་གོ་རིམ་ནི་གླེང་རིན་མེད་པར་ཚང་མས་མཁྱེན་གསལ་ལྟར་དུ་ངེས་ལ།  འདི་ནི་དེང་གི་དུས་རབས་འདིའི་སྤྱིའི་འཕེལ་ཕྱོགས་ལྟ་བུའང་ཡིན།  སྤྱིར་ན་གཉེན་ཡ་འདེམས་པའི་སྐོར་ཞེས་བརྗོད་ན་འགྲིག་མོད།  འོན་ཀྱང་འདིར་དགའ་རོགས་སྒྲིག་པའི་སྐོར་ཞེས་བཏགས་པར་རྒྱུ་མཚན་ཡོད་དེ།  གཉེན་ཡ་འདེམས་པ་ཞེས་པ་ནི་སྐབས་བབ་ཀྱི་བུ་དང་བུ་མོ་གཉིས་ལ་འབྲེལ་བ་གཙོ་བོ་མེད་པར།  གཙོ་བོ་ཕ་མ་གཉིས་ཀྱིས་གཉེན་དོན་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་བཞིན་པར་གོ་དགོས་པར་སྙམ་ཞིང་།  གཉེན་ཡ་འདེམས་པ་ཞེ་ན།  བོད་སྤྱིའི་འགྲོ་སྲོལ་ལྟར་ཆེས་ཐོག་མར་ཡིད་ལ་འཆར་བ་ནི་ཤ་རུས་པ་དང་ལྷ་སྲུང་མ་མཐུན་མིན། ལོ་རྟགས་དང་འབྱུང་བ་མཐུན་མིན།  ལག་ལས་ཀ་དང་ཡག་མོ་སྒོ།  ཁྱིམ་ཚང་གི་གཤིས་རྒྱུད་དྲང་མིན།  ཁ་ལས་དགེ་མིན་བཅས་ཕ་མའི་ངོས་ཐད་ནས་དབང་བཙན་པའི་བརྟག་བྱ་སྐོར་ཞིག་ཡིན་པས།     བུ་དང་བུ་མོ་བར་བརྩེ་དུང་ཡོད་མེད་ལ་འབྲེལ་བ་ཆེར་མེད་པས་ན།  ཡུལ་ལུང་འདིར་སྤྱི་ཚོགས་རྙིང་པའི་སྐབས་ཤིག་ནས་གཉེན་སྒྲིག་སྲོལ་ལྟོས་བཅས་ཀྱི་རང་མོས་རང་འཐད་ཡིན་པའི་རྐྱེན་གྱིས་གཉེན་ཡ་འདེམས་པའི་སྐོར་ཞེས་མི་བརྗོད་པར་དགའ་རོགས་སྒྲིག་པའི་སྐོར་ཞེས་བརྗོད་པ་ཡིན།  བོད་ཀྱི་ལོ་རྒྱུས་ལས་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་རྒྱལ་པོས་མི་ཉག་རུ་ཡོང་བཟའ་དང་ཞང་ཞུང་བཟའ་ལི་ཐི་སྨན་སོགས་ཁབ་ཏུ་བཞེས་ཚུལ་ལ་བལྟས་ན།  གཉེན་སྒྲིག་བྱེད་པ་ནི་སྲིད་ཀྱི་དགོས་མཁོ་འབའ་ཞིག་དང་རིགས་རྒྱུད་སྤེལ་བའི་ཐབས་ཤེས་ཁོ་ན་ཞིག  ཕ་མས་དབང་བཙན་པོའི་སྒོ་ནས་གང་འདོད་དུ་བཀོད་སྒྲིག་བྱེད་པ་ལས།    རང་མོས་ཀྱིས་དགའ་རོགས་བསྒྲིགས་ཏེ་གཉེན་དུ་བསྡེབས་པ་ཕལ་ཆེར་མི་སྲིད་པ་ནི་དེའི་དུས་ཀྱི་འཛམ་གླིང་སྤྱིའི་འཕེལ་ཕྱོགས་ལྟར་ཡིན།

         མི་ཉག་མགར་ཐར་ཡུལ་ལུང་དག་ཏུ་གཉེན་སྒྲིག་གི་སྐོར་ནས་རང་ཡུལ་དང་ཐག་ཉེ་བའི་འབོ་གངས་དཀར་ལྟེ་བ་བྱས་པའི་མི་ཉག་སྨད་རྒྱུད་དང་།  ཐག་རིང་བའི་ཡུལ་ཨ་མདོ་ལུང་པ་སོགས་དང་བསྡུར་ན་གནའ་ནས་བཟུང་ལྟོས་བཅས་ཀྱིས་རང་དབང་ཡིན་པར།  དེང་སྐབས་བདེ་ཐང་ངང་འཚོ་བཞུགས་གནང་ཡོད་པའི་རང་ཡུལ་གྱི་རྒན་རྒོན་ཚོར་དྲིས་ན་གསལ་པོ་གསུང་རྒྱུ་ཡོད།  འདིར་གསལ་ཁ་སྟོན་ཆེད་ཡུལ་མིའི་ངག་ན་གནས་པའི་ཆེད་དམིགས་ཀྱི་བརྡ་ཆད་ཅིག་བཀོལ་ན།  ས་བུད་ཅེས་པ་དེ་རེད།  ས་བུད་ཅེས་པ་ནི་བུ་ཞིག་དང་བུ་མོ་ཞིག་དགའ་རོགས་བསྒྲིགས་རྗེས་ཕན་ཚུན་རང་འཐད་ཀྱིས་ངང་གྲོས་ཀ་བྱས་ཏེ།  རང་ཁྱིམ་གནས་སའི་ཡུལ་ལུང་དང་རྒྱང་ཏོག་ཙམ་བཀྱེད་ཡོད་པའི་གཉེན་ཉེ་རང་དང་ཤག་གྲོགས་པོའི་ཚང་ན་བྲོས་བྱོལ་གྱི་ཚུལ་དུ་ཉིན་གཅིག་གཉིས་རིང་ལ་བསྡད་པ་དང་།  བྲོས་བྱོལ་མ་སོང་བའི་སྔོན་དུ་འཛེམ་དོགས་མི་དགོས་པའི་ཉེ་དུ་དང་གྲོགས་པོ་ཚོར་སུ་དང་མཉམ་དུ་ས་བུད་འགྲོ་ཡི་ཡིན་ཞེས་རྦ་གསང་མེད་པར་བཤད་ལ།  རང་ཁྱིམ་གྱི་ཕ་མ་སོགས་ལ་གསང་སྟབས་ཀྱིས་བྲོས་བྱོལ་དུ་འགྲོ་བའི་ཁུལ་བྱས་ཏེ།  སུ་དང་མཉམ་དུ་དགའ་རོགས་བསྒྲིགས་ཏེ་ཚེ་གང་བོར་མཉམ་དུ་འདུག་རྒྱུ་ཡིན་པ་ཕ་མ་དང་སྤྱི་ཚོགས་ཀྱི་ངོར་བུད་པ་དེ་རེད། ས་བུད་རྗེས་ས་བུད་ཟིན་པ་ཤེས་པའི་སོ་སོའི་གྲོགས་པོ་དང་གཉེན་ཉེ་གང་རུང་ཞིག་སོ་སོའི་ཁྱིམ་དུ་སོང་ནས་བུ་བུ་མོའི་ཕ་མར་ས་བུད་སོང་ཚུལ་བཤད་དགོས།  དེ་ནས་བཟུང་སུ་དང་སུ་གཉིས་ས་བུད་སོང་བ་རེད་ཅེས་ཡུལ་ལུང་ཀུན་ལ་ས་གྲགས་གནམ་གྲགས་འགྲོ་སྲིད།  དེ་རྗེས་བུ་དང་བུ་མོ་སོ་སོའི་ཁྱིམ་ཚང་གཉིས་ཀྱིས་རང་རང་ས་ནས་མི་རེ་གཉིས་མངགས་ཏེ་སྐོར་ས་འགྲོ་ཞེས་བུ་དང་བུ་མོ་གཉིས་ཀྱི་ར་མདའ་ལ་མི་མངགས་གཏོང་བྱས་ནས་ཕྱིར་ཁྲིད་ཡོང་དགོས་པ་དང་།  ཕྱིར་ཁྲིད་ཡོང་རྗེས་ད་གཟོད་ཁྱིམ་ཚང་གཉིས་ཀྱི་མི་ལག་ཐེག་མིན་སོགས་ལ་གཞིགས་ཏེ།  མནའ་མ་སློང་རྒྱུ་ཡིན་མིན་དང་།  བུ་ཐང་སློང་རྒྱུ་ཡིན་མིན།  ཡང་མིན་ན་འཁོར་བ་གསར་བཟུང་བྱེད་རྒྱུ་ཡིན་མིན་སོགས་ཀྱི་ཐད་ནས་ཁྱིམ་ཚང་གཉིས་པོ་སོ་སོས་མི་མངགས་ཏེ་གྲོས་བྱེད་དགོས་སོ།།

         འདིར་ས་བུད་ཅེས་པ་ཧོབ་ཏེ་བལྟས་ན་རང་མོས་མེད་པ་འདྲ་པོ་ཞིག་ཏུ་སྣང་ཡང་།    དོན་དུ་དེ་ནི་ཡུལ་ལུང་འདིའི་ཐུན་མིན་གྱི་འགྲོ་ལུགས་ཙམ་ཏེ།  ཕ་མ་སོགས་ཀྱིས་མ་འཐད་པའམ་བཙན་གྱིས་བཀོད་སྒྲིག་བྱེད་པར་རྒོལ་བ་སོགས་ནི་མ་ཡིན་ཞིང་།  ལུང་པ་འདིའི་ཕོ་སར་མོ་སར་ཚོས་ངེས་པར་བརྒྱུད་ངེས་པའི་གོ་རིམ་ཞིག་ཀྱང་ཡིན།      གོ་རིམ་འདི་གྲུབ་རྗེས་གཞི་ནས་ཕ་མས་ཐག་གཅོད་གནང་དགོས།  འདི་ནི་བོད་ཀྱི་ཡུལ་གྲུ་གཞན་དང་མི་མཚུངས་པའི་མི་ཉག་མགར་ཐར་ཡུལ་གྱི་གཉེན་སྲོལ་ལས་དགའ་རོགས་སྒྲིག་པའི་སྐོར་གྱི་ཁྱད་ཆོས་ཤིག་ཡིན་པར་སྙམ་མོ། །


གཉིས། མནའ་མ་དང་བུ་ཐང་སློང་བའི་སྐོར།

         ས་བུད་ནས་ཕྱིར་བསླེབས་རྗེས།  ཁྱིམ་ཚང་གཉིས་ཀྱིས་སོ་སོའི་གནས་ཚུལ་ལ་གཞིགས་ཏེ་མནའ་མ་སློང་རྒྱུ་ཡིན་དང་བུ་ཐང་སློང་རྒྱུ་ཡིན་མིན་གྱི་གྲོས་བསྡུར་དང་ཐག་གཅོད་གནང་དགོས།  གལ་སྲིད་སོ་སོར་བུ་དང་བུ་མོ་ཁེར་སྐྱེ་ཡིན་པ་སོགས་རྒྱུ་རྐྱེན་གཞན་གྱི་དབང་གིས་མཉམ་དུ་བསྡད་ན་མི་འཚམ་པའི་ཐག་གཅོད་བྱས་ཏེ་མཐར་འཐོར་དགོས་ཐུག་པའང་ཡོད།  མ་གཏོགས་བུ་དང་བུ་མོས་དགའ་རོགས་སྒྲིག་པ་སྔོན་དུ་མ་སོང་བའི་ཕ་མས་ཐག་གཅོད་ལྟར་ཕན་ཚུན་ངོ་ཡང་ཐུག་མ་མྱོང་བ་གང་རུང་ཞིག་མནའ་མ་དང་བུ་ཐང་དུ་སློང་བར་བྱེད་པ་ནི་ཧ་ལམ་མེད།  ཁྱིམ་ཚང་ནང་ཁུལ་གྱི་གྲོས་བསྡུར་གྱིས་མནའ་མ་དང་བུ་ཐང་གང་ཞིག་སློང་རྒྱུའི་ཐག་གཅོད་གྲུབ་རྗེས་དེ་ཚང་གི་བུ་མོའམ་བུ་ཡི་ཕ་ཕྱོགས་ཀྱི་གཉེན་ཚན་ལས་ཉེ་བ་ནང་མ་རང་གི་ཁུ་བོ་རྣམས་ཀྱིས་གཙོས་པའི་བློ་གཏད་ཆོག་པ་དང་གཞུང་དྲང་ཞིང་འཇོན་ཐང་ལྡན་པ།  སྨྲ་ལ་མཁས་ཤིང་འཆར་སྒོ་མྱུར་བའི་སྐྱེས་པ་རྒན་པ་ཞིག་དང་།  དེ་བཞིན་མ་ཕྱོགས་ཀྱི་གཉེན་ཚན་དག་ལས་ཉེ་བ་ནང་མ་རང་གི་ཞང་པོ་རྣམས་ལས་དེ་ལུགས་ཀྱི་ནུས་པ་ལྡན་པའི་རྒན་པ་གང་རུང་གཅིག་བཅས་ཕ་མ་གཉིས་ཕྱོགས་ནས་མི་གཉིས་གཉེན་སློང་དུ་མངགས་པར་བྱེད།  དེའི་ཐོག་མའི་ལུགས་ལ་སློང་ཆང་སྟེ་ཆང་དམ་བེ་དོའི་སྐེད་ལ་ཁ་བཏགས་དཀར་པོ་དྲི་མས་མ་གོས་པ་རེས་བརྒྱན་ཏེ་གཉེན་སློང་ཡུལ་ཚང་ལ་ཁ་གཏད་ནས་འགྲོ་དགོས་པ་དང་།  སློང་ཡུལ་ཚང་ལ་འབྱོར་རྗེས་བུ་དང་བུ་མོ་གཉིས་ཀྱིས་ཐེངས་འདིའི་བྱ་བ་སྒྲུབ་པ(འདིར་ས་བུད་པར་གོ)ནས་བརྩམས་ཏེ་ཁྱེད་ཚང་གི་བུའམ་བུ་མོ་སློང་དུ་ཡོང་ཚུལ་དང་གཉེན་ཚང་གི་འདོད་འདུན།  ཡུལ་ལུང་པའི་སྲོལ་བཞིན་ཁང་སྟེང་གི་བསང་དར་མན་ཆོད་ནས་ར་བའི་ཁྱི་རྐོ་ཡན་ཆོད་བུ་དང་བུ་མོ་གཉིས་ལ་དབང་བར་བྱེད་ངེས་ཡིན་ཞེས་དམ་བཅའ་བ་སོགས་བརྗོད་དེ་སློང་ཆང་འཇོག་ཨེ་ཐུབ་ལ་བལྟ་བར་བྱེད།  ལུགས་སྲོལ་ལྟར་ན་ཐེངས་དང་པོར་སློང་ཆང་ཕྱིར་སློག་པ་ལས་ཁས་བླངས་པ་ཉུང་ཞིང་།  གཉེན་འབྲེལ་འཛུགས་འདོད་ཡོད་ཀྱང་རང་བཞིན་དེ་ལས་མ་འདས།  འདི་ནི་གཉེན་ཚང་གིས་རང་གི་ངོ་སོ་བསམ་པའམ་རང་གིས་གཉོར་ཞིང་བསྐྱངས་པའི་བུ་དང་བུ་མོ་གང་རུང་དེ་མ་ཐག་ཏུ་གནས་ཡུལ་ལ་བརྫང་པའམ་གཞན་སྒོ་འགྲིམ་རྒྱུ་ཁས་ལེན་པ་ནི་ལས་སླ་མོ་ཞིག་མིན་པའི་རྟགས་སུ་མངོན།  ཉིན་འགའི་རྗེས་སུ་གཉེན་སློང་མཁན་གྱིས་སླར་ཡང་སློང་ཆང་ཁྱེར་ནས་གཉེར་སློང་ཡུལ་ཚང་ལ་འགྲོ་དགོས།  དེ་དུས་གཉེན་སློང་ཡུལ་ཚང་གིས་བུ་དང་བུ་མོས་ལས་ཀ་དེ་འདྲ་བསྒྲུབས་ཟིན་པས(འདིར་ས་བུད་སོང་བར་གོ)སྟེར་མི་སྟེར་ཅིས་ཀྱང་ཟེར་ཚོད་མི་ཐིག རང་གི་གཉེན་མི་ནང་ཚགས་ཀུན་ལ་བློ་འདྲི་དགོས་པས།  ཉིན་འགའ་ཡི་རྗེས་ནས་ཤོག་དང་ལན་སྦྱིན་ངེས་ཡིན་ཞེས་ལབ་རྗེས།  སློང་བ་པོ་སླར་ཡང་ཕྱིར་ལོག་དགོས་པ་ཡིན།  ཉིན་དེ་དག་རིང་ལ་གཉེན་སློང་ཡུལ་ཚང་གིས་ཕ་མ་གཉིས་ཕྱོགས་ཀྱི་གཉེན་མི་རྣམས་རང་ཁྱིམ་དུ་གདན་དྲངས་ནས་བུ་དང་བུ་མོ་གང་ཡིན་གྱིས་བྱ་བ་འདི་ལྟར་བསྒྲུབས་ཟིན་པས(འདིར་ས་བུད་སོང་བར་གོ)སློང་མཁན་འདི་འདྲ་སླེབས་བྱུང་ད་ནི་སྟེར་རམ་མི་སྟེར་ཚང་མས་གྲོས་བསྡུར་གནང་རོགས་ཞེས་གྲོས་བསྡུར་བརྒྱུད་ནས་མཐར་མར་སྟེར་རྒྱུའི་ཐག་ཆོད་རྗེས།  ཉིན་འགའ་ཡི་རྗེས་ནས་སློང་མཁན་སླར་ཡང་སློང་ཡུལ་ཚང་ལ་སོང་བ་ན།  དུས་དེར་སློང་ཡུལ་ཚང་གིས་ཀྱང་བུའམ་བུ་མོ་མནའ་མ་དང་བུ་ཐང་སྟེར་རྒྱུ་ཡིན་པའི་ཚིག་སྟེར་བར་བྱེད།  དེ་ནས་བཟུང་སློང་མཁན་གྱི་འགན་ཁུར་རེ་ཞིག་གྲུབ་པ་ཡིན་ནོ།།


གསུམ། གཉེན་སྟོན་མཛད་སྒོ་སྤེལ་ཚུལ་གྱི་སྐོར།

         གཉེན་སྟོན་མཛད་སྒོ་སྤེལ་ཚུལ་གྱི་ཐད་ནས་ཚ་ཞང་དང་གཏམ་བཤད་སོགས་སྤྱིའི་ཆ་ནས་བོད་སྤྱི་མཐུན་གྱི་སྲོལ་ལྟར་དུ་ངེས་མོད།  འོན་ཀྱང་བྱེ་བྲག་ལའང་ཐུན་མིན་གྱི་གོམས་སྲོལ་འགའ་ཡང་མཆིས་ཏེ།  གཤམ་ནས་གྲོས་ཀ་བྱེད་པ་དང་གཉེན་སྟོན་མཛད་སྒོ་དངོས་བཅས་ཕྱོགས་གཉིས་ནས་གླེང་བར་བྱ།

         ༡ གྲོས་ཀ་བྱེད་པ།

         དེ་ཡང་གོང་བརྗོད་བཞིན་གཉེན་སློང་ཡུལ་གྱིས་བུ་དང་བུ་མོ་གང་ཡིན་མནའ་མ་དང་བུ་ཐང་སྟེར་རྒྱུའི་ཁས་བླངས་ཏེ་གཉེན་སློང་མཁན་གྱི་འགན་ཁུར་རེ་ཞིག་གྲུབ་རྗེས།  དེ་ནས་གཉེན་སློང་མཁན་ཚང་གིས་ལོ་དེར་གཉེན་ཚང་ཕྱོགས་གཉིས་ཀའི་ཉེ་གཞི་རྩ་ལག་དང་བཅས་པར་མི་ཤི་སོགས་ཀྱི་སྡུག་བསྔལ་ཆེན་པོ་ཡོད་མེད་ལ་བརྟགས་ཏེ།  ཕྱོགས་གཉིས་པོར་མི་ཤི་བ་སོགས་མ་བྱུང་ན།  སླར་ཡང་གཉེན་སློང་ཡུལ་ཚང་ལ་སོང་ནས་གཟའ་སྐར་འཕྲོད་སྦྱོར་ཡག་པའི་ཉིན་མོ་ཞིག་ལ་དོན་འདི་སྐར་ཐོག་ལ་བཞག་རོགས་ཞེས་སྟོན་མོ་བྱེད་པའི་རེ་བ་བྱེད་དགོས།  ཡུལ་འདིའི་སྲོལ་ལྟར་ན་མང་ཆེ་བས་སྟོན་མོའི་མཛད་སྒོ་དེ་ཕལ་ཆེ་བར་སོ་ནམ་ལོ་སར་གྱི་སྐབས་ཏེ་གནམ་ལོ་གསར་ཚེས་ཀྱི་ཚེས་པ་གཉིས་ནས་ཚེས་བཅོ་ལྔ་བར་གྱི་བག་སྐར་ལྡན་པའི་ཉིན་གང་རུང་ཞིག་ལ་ཡིན།  གཉེན་སློང་མཁན་གྱིས་སྟོན་མོ་བྱེད་པའི་རེ་བ་བྱས་རྗེས།  གཉེན་སློང་ཡུལ་ཚང་གིས་རང་ཕྱོགས་ཀྱི་གཉེན་མི་རྣམས་ཉིན་ཞིག་ལ་ཁྱིམ་དུ་གདན་དྲངས་ཏེ། གཉེེན་སྟོན་བྱེད་རྒྱུའི་ཐད་གྲོས་བསྡུར་བྱས་ཏེ་ཕ་ཕྱོགས་དང་མ་ཕྱོགས་གཉིས་ནས་ཞང་པོ་སུ་འགྲོ་མིན་སོགས་གྲོས་ཐག་ཆོད་དགོས།  དེ་ནས་རྩིས་པ་ཞིག་གི་མདུན་ལ་ཕྱིན་ནས་བག་སྐར་ནམ་ཡོད་ལ་བརྟགས་ཏེ་གཉེན་སྟོན་གྱི་དུས་ཚོད་གཏན་འཁེལ་བྱེད་དགོས་པ་བཅས་སོ།།

         ༢ གཉེན་སྟོན་མཛད་སྒོ་དངོས།

         གཉེན་སྟོན་མཛད་སྒོ་ཡི་འགོ་གཞུག་བར་ཉིན་གསུམ་ཙམ་གྱི་རིང་ལ་སྤེལ་བཞིན་ཡོད་ཅིང་།  ཐོག་མར་མནའ་མའམ་བུ་ཐང་བསུ་མི་སྟེ་མཛད་སྒོའི་ཁྲོད་དུ་ཡུལ་སྐད་ལ་ཚ་བོ་ཞེས་འབོད་པ་དེས་གཉེན་བསུ་མཁན་ཚང་གིས་གྲ་སྒྲིག་ཇི་ལྟར་བྱས་པ་བཞིན་བག་གོས་ཆ་ཚང་ཁྱེར་ཏེ་བསུ་མི་འགྲོ་བའི་ཉིན་མོ་དེར་གཉེན་གཏོང་མཁན་གྱི་ཁྱིམ་ཚང་དེར་འགྲོ་དགོས།  དེར་འབྱོར་རྗེས་དེ་ཚང་གི་སྒོ་མདུན་ནས་སྐྱེལ་མིའམ་ཨ་ཞང་འགྲོ་མཁན་རྣམས་སྔ་གཞུག་བྱས་ནས་ཡོང་བར་རེ་རེ་བཞིན་ལག་ཏུ་ཁ་བཏགས་བཟུང་ནས་རྟ་ཁ་ལེན་པ་དང་སྣེ་ལེན་བྱེད་དགོས།  སྤྱིར་བཏང་དུ་ཨ་ཞང་མང་ན་ཉི་ཤུའི་ཡན་ནས་ལྔ་བཅུའི་མན་ཡིན་པ་དང་།  ཆེས་ཉུང་ན་ཨ་ཞང་གཉིས་ཡོད།  ཨ་ཞང་བཞི་ཡན་ཆོད་ཡོད་ན་ཚ་བོ་གཉིས་ཡོད་དགོས་ཤིང་།  ཨ་ཞང་ཉི་ཤུའི་ཡན་ཡིན་ན་ཚ་བོ་ཡང་མང་ཙམ་འགྲོ་དགོས་པ་རེད།  ཕྱོགས་སོ་སོ་ནས་ཡོང་བའི་ཨ་ཞང་རྣམས་གདན་འཛོམས་རྗེས།  ཉིན་དེར་མཛད་སྒོ་གཙོ་བོར་བག་གོས་བཤམས་རྒྱུ་ཡོད།  བག་གོས་བཤམས་པའི་མཛད་སྒོ་དེ་ནི་ཕྱི་དྲོའི་དུས་ཚོད་གསུམ་བཞི་ཙམ་ལ་སྤེལ་བཞིན་ཡོད།  གཏམ་པས་མགོ་ནག་མིའི་སྲོལ་རེ་རེ་དང་བག་གོས་རེ་རེར་བཤད་པ་གང་འཚམས་བཏང་པ་དང་བསྟུན་ཚ་བོས་བག་གོས་རིམ་པ་བཞིན་བཤམས་དགོས་ཤིང་།  ཚ་བོས་བག་གོས་བཤམས་པའི་གོ་རིམ་ནོར་བའམ་བག་གོས་ཆ་མ་ཚང་བ་སོགས་ཀྱི་སྐྱོན་ཡོད་ན།  ཨ་ཞང་ཚོས་རྫིག་རྫིག་བྱེད་པ་དང་ཡིན་ལུགས་མིན་ལུགས་ཀྱི་རྒྱུ་མཚན་མང་པོ་བཤད་པ་དང་ལག་གི་རྟ་ལྕག་གནམ་ལ་འཕྱུར་བ་སོགས་བྱེད།  བག་གོས་ལེབ་མ་བཅུ་གསུམ་ཟེར་བ་ལ་ཕོ་ལུགས་རེ་གོས་བཅོ་བརྒྱད་དང་།  མོ་ལུགས་རེ་གོས་བཅུ་གཉིས་སོགས་ཟེར་སྲོལ་ཡོད་ལ།  བག་གོས་བཤམས་དུས་ཕོ་གོས་ཡིན་ན་རྐང་ལྷམ་ནས་འགོ་བཟུང་ཏེ་རིམ་པ་བཞིན་གྲལ་འགྲིག་པོ་བཤམ་དགོས་པ་དང་མོ་གོས་ཡིན་ན་མགོའི་བག་རས་དང་མགོ་བརྒྱན་ནས་བཟུང་སྟེ་རེ་རེ་བཞིན་གོ་རིམ་མ་འཁྲུག་པར་བཤམ་དགོས།  ལྟད་མོ་བ་རྣམས་ཀྱིས་ཀྱང་མཐའ་ནས་བསྐོར་ཏེ་བག་གོས་ཁྱེར་བ་བཟང་མིན་དང་གཏམ་པའི་སྨྲ་ལྕེ་བདེ་མིན་སོགས་ལ་དཔྱད་བརྗོད་སྤེལ་ཞོར་ལྟད་མོ་གྱ་ནོམ་པར་རོལ་བར་བྱེད།  བག་གོས་མ་ཚང་བ་མེད་པར་བཤམས་ཚར་རྗེས་ཨ་ཞང་གཏམ་པ་དེས་དེ་རིང་དེ་ཙམ་གྱིས་ཆོག་པར་བྱོས།  ཚ་བོ་ཁྱོད་ལ་སང་ཉིན་ཉི་མ་མ་ཤར་གྱི་བར་དུ་དགོངས་པ་ཡོད།  ཉི་མ་ཤར་བ་དང་རི་སེར་པོས་གསེར་ཞྭ་གོན་དུས་ཚ་བོ་ཁྱོད་ཀྱིས་དྲང་ཤོག་ཟེར་དུས་མདའ་མོ་བཞིན་དུ་དྲང་དགོས།  སྒུར་ཤོག་ཟེར་དུས་གཞུ་མོ་བཞིན་དུ་གུག་དགོས།  ཡ་ཐབ་གསེར་ཐབ་ཁྲ་མོ་ལ་གསེར་གྱི་རྡོ་ཚད་བཞག་དགོས།  མ་ཐབ་དངུལ་ཐབ་ཁྲ་མོ་ལ་དངུལ་གྱི་རྡོ་ཚད་བཞག་དགོས།  གཡང་ཁང་གྲུ་བཞི་གཡང་ཁ་མ་ཉམས་པར་གཡང་གི་མདའ་དར་གསོལ་དགོས།  དྲིན་ཆེན་ཕ་མ་གཉིས་པོས་གཙོས་པའི་དྲིན་གྱིས་བསྐྱངས་པའི་གཉེན་མི་རྣམས་ལ་ཁ་བཏགས་གཏོང་དགོས།  སང་ཉིན་ཁྱོད་ལ་ལས་ཀ་ཤིན་ཏུ་མང་པོ་ཡོད།ཅེས་བག་གོས་བཤམས་པའི་མཛད་སྒོ་མཇུག་རྗོགས་པ་ཡིན།

         ཉིན་གཉིས་པའི་སྔ་དྲོ་ཉིན་ཤར་གྱི་མཚམས་སུ་བག་མ་ལ་བག་གོས་གོན་ཏེ་ཞང་པོ་རྣམས་ཀྱི་གྲལ་གཞུག་ཏུ་གདན་ལ་བཀོད་རྗེས།  ཡི་གེ་ཤེས་མཁན་ཞིག་གིས་ཁྱིམ་པ་དང་བཅས་པའི་གཉེན་མི་གྲོགས་པོ་རྣམས་ཀྱི་བརྫངས་སྐལ་ག་རེ་ཡོད་མིན་གྱི་བརྫངས་ཐོ་སྒྲོག་འདོན་བྱེད་དགོས་ཤིང་།  དཔེར་ན།  ཨ་ཞང་བཀྲ་ཤིས་བཟང་པོས་བཀྲ་ཤིས་པའི་ཁ་བཏགས་ཤིག་དང་རྟ་གཅིག་དང་ལུག་ལྔ།  འབྲི་གཅིག་དང་མཛོ་མོ་གཅིག  སྒོར་སྟོང་གཉིས།  གྲོགས་པོ་ཚེ་རིང་དོན་གྲུབ་ཀྱིས་བཀྲ་ཤིས་པའི་ཁ་བཏགས་ཤིག་དང་སྒོར་ཉིས་བརྒྱ་ལྟ་བུ་རེ་རེ་བཞིན་སྒྲོག་འདོན་བྱེད་པར།  ཚ་བོས་སྐད་ཆེན་པོས་ལགས་སོ་ཟེར་དགོས་པ་དང་།  ཨ་ཞང་ཞིག་དང་མཉམ་དུ་ཁ་བཏགས་རེ་རེ་བཞིན་བག་མའི་རྒྱབ་ལ་འདོགས་དགོས། བརྫངས་ཐོ་སྒྲོག་འདོན་བྱེད་པ་གྲུབ་རྗེས་ཚ་བོས་དྲིན་ཆེན་ཕ་མ་གཉིས་དང་གཉེན་མི་རྣམས་ལ་ཁ་བཏགས་གཏོང་བ་དང་མདའ་དར་གསོལ་བ་སོགས་ཀྱི་ལས་ཀ་རྣམས་འགྲོ་ལུགས་དང་ལྡན་པ་རིམ་པ་བཞིན་ཚར་བ་དང་།  ཨ་ཞང་ཚོ་ཡར་བཞེངས་ཏེ་བག་སྐྱོར་ཞུ་ཤོག་ཟེར་དུས་ཚ་བོ་གཉིས་ཀྱིས་བག་མའི་གཡས་གཡོན་ནས་སྐྱོར་ཏེ་གླུ་གཞས་དང་བཅས་སྒོར་བུད། སྐྱེལ་ཆང་བསྣམས་མཁན་བུ་མོ་མཛེས་མ་གཉིས་ཀྱིས་མཆོད་ཆང་བཏེགས་ཏེ་བག་མ་དང་ཞང་པོ་རེ་རེ་བཞིན་མཆོད་འཕེན་དུ་བཅུག་པར་བྱེད། དེ་ནས་རྟ་ལ་བཞོན་པ་དང་རླངས་འཁོར་ལ་བསྡད་པ་གང་རུང་གིས་གཉེན་ཚང་གི་ཕྱོགས་སུ་ཁ་གཏད་དེ་ལམ་ལ་ཞུགས།

         མནའ་མའམ་བུ་ཐང་བསུ་མཁན་ཕྱོགས་ཀྱིས་ཨ་ཞང་རྟ་པའམ་རླངས་འཁོར་གང་ཡིན་མིག་རྒྱང་གི་མཚམས་སུ་སླེབས་པར་མཐོང་བ་ན།  བསང་གཏོང་བ་དང་ཤོག་སྦག་གཏོང་བ།  བླ་མ་ཞིག་གམ་རྒན་པོ་ཁ་ལས་དགེ་བ་གང་རུང་ཞིག་གིས་ཁང་སྟེང་ནས་གཡང་འབོད་བྱེད།  སྒེག་ཉམས་ལྡན་པའི་བུ་མོ་རྒྱན་གོས་གཟབ་འཆོར་ལེགས་པར་སྤྲས་པ་བསུ་ཆང་བཏེགས་མཁན་ཞེས་འབོད་པ་གཉིས་ཀྱིས་མདུན་ཕྱོགས་སུ་བུད་དེ་བསུ་ཆང་བཏེགས་བར་བྱེད།  དེ་ནས་དབང་ཐང་འབྱུང་བ་མཐུན་ཞིང་ཕ་མ་གཉིས་འཛོམས་ཀྱི་མི་ཞིག་བག་མའི་རྟ་ཁ་ལེན་དུ་བཅུག་དགོས་པ་དང་།  དེ་མིན་ཞང་པོ་རེ་རེར་རྟ་ཁ་ལེན་མཁན་གྱི་མི་གྲ་སྒྲིག་གིས་ལག་ཏུ་དར་དཀར་བཟུང་ནས་སྒུག་དགོས།  རྟ་པའམ་རླངས་འཁོར་རྣམས་སྒོ་ཁར་ཐོན་པ་དང་ཞང་པོ་གཏམ་པས་རྟ་བབས་རིན་ཆེན་བཅུ་གསུམ་གྱི་འགོ་ནས་བརྩམས་ཏེ་གཏམ་བཤད་ཅིང་།  རྟ་བབས་ཀྱི་ཆོ་ག་རྣམས་ལེགས་པར་གྲུབ་རྗེས་བག་མ་ཁྱིམ་དུ་བསུ།  དེ་བཞིན་གཉེན་མི་མཛའ་གྲོགས་ཀུན་འདུས་ཏེ་ཉིན་གཉིས་པའི་ཉི་ཤར་གྱི་བར་དུ་གླུ་ལེན་གར་རྩེད་ཀྱིས་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་བཞིན་སྐྱེལ་མི་ཨ་ཞང་རྣམས་ཀྱང་དེར་ཞག་སྡོད་བྱེད་དགོས།  དེའི་ཕྱི་ཉིན་ཉི་ཤར་གྱི་དུས་སུ་ཞོགས་ཇ་དྲངས་རྗེས།  ཞང་པོ་རྣམས་ཀྱིས་དེ་ཚང་གི་ཕ་མ་གཙོས་པའི་གཉེན་མི་རྣམས་ལ་བཅོལ་གདམས་ཀྱི་ཁ་བརྡ་བྱེད་པ་དང་།  བརྫངས་ཐོ་དང་བརྫངས་སྐལ་རྩིས་སྤྲོད་པ།  མནའ་མ་དང་བུ་ཐང་གང་ཡིན་ལ་བསླབ་བྱ་བྱེད་པ་སོགས་གྲུབ་རྗེས་ཞང་པོ་སྐྱེལ་མི་རྣམས་ཕྱིར་མནའ་མ་དང་བུ་ཐང་གང་ཡིན་པ་དེའི་ཕ་ཁྱིམ་དུ་ལོག་པ་དང་གཉེན་སྟོན་གྱི་མཛད་སྒོ་ཡོངས་སུ་གྲུབ་པ་ཡིན།


མཇུག་སྡུད་ཀྱི་གཏམ།

         སྤྱིར་རང་རེའི་བོད་ལ་མཚོན་ན་གཉེན་སྒྲིག་གི་ཐད་ནས་དེ་འདྲའི་རང་དབང་མེད་དེ།  བོད་ཀྱི་དུས་སྐབས་གསར་པའི་བརྩམས་སྒྲུང་ལ་དོ་སྣང་ཡོད་པ་ཞིག་ཡིན་ན་ལྷག་ཏུ་གསལ་པོ་ཡིན།  བོད་ལ་ལྟོས་བཅས་ཀྱིས་བརྩམས་སྒྲུང་དར་སྔ་བའི་མདོ་དབུས་གཉི་ཀའི་བརྩམས་སྒྲུང་ལས་འཇིག་རྟེན་མཐུན་མཇུག་གི་བརྗོད་བྱ་ཡོད་ལ།  དེ་ཉིད་བརྗོད་བྱ་གཙོ་བོ་བྱས་པའི་གྲངས་འབོར་གྱི་ཆ་ནས་ཨ་མདོ་ཕྱོགས་ཀྱིས་ཆ་ཆེན་པོ་ཟིན་ཡོད་ཅིང་།  བུ་མོའི་ལས་དབང་ཕ་མས་ཐག་གཅོད་པའི་ལས་དབང་དག་དོན་འགྲུབ་རྒྱལ་གྱི《སད་ཀྱིས་བཅོམ་པའི་མེ་ཏོག》དང་གཡང་འཚོ་སྐྱིད་ཀྱི《རྩྭ་ཐང་གི་ཉིན་ཐོ》སོགས་ལ་བལྟས་ཀྱང་དེ་འབྲེལ་གྱི་ཡུལ་ཕྱོགས་ཤིག་གི་སྲོལ་རྣམས་ལྷང་ངེར་ཤེས་ཐུབ།

         མི་ཉག་མགར་ཐར་ཡུལ་གྱི་གཉེན་སྒྲིག་གམ་འཇིག་རྟེན་མཐུན་འཇུག་གི་ལས་ཀ་ནི་ལྟོས་བཅས་ཀྱིས་བལྟས་ན་ཅུང་རང་དབང་ལྡན་པ་ལྟ་བུར་སྙམ་ཞིང་།   རང་ཡུལ་གྱི་ཁྱིམ་མཚེས་སུ་གྱུར་པ་མི་ཉག་སྨད་རྒྱུད་ཀྱི་ཡུལ་ལུང་སོགས་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད་དོ། །ཡུལ་དུས་ཀྱི་འགྱུར་བག་རྒོད་པའི་གནས་བབ་འོག  མི་རིགས་སུ་ཡིན་རུང་སྲོལ་ལུགས་མ་ལུས་ཡུལ་དུས་ཀྱི་དབང་གིས་འཇིག་འགྲོ་བ་ཆོས་ཉིད་དུ་གྲུབ་མོད།  སྐབས་ཐོག་དེར་འཚོ་ཞིང་གནས་པའི་སྨྱུག་འཛིན་པ་ཞིག་ཡིན་ན། ངེས་པར་དུ་མི་རབས་རྗེས་མ་དག་གིས་བྱུང་ཟིན་ལོ་རྒྱུས་དྲན་པའི་ངོས་སུ་མི་བརྗེད་གཟུགས་སུ་དགོད་རྒྱུ་ནི་འོས་འགན་ཞིག་ཏུ་འཁུམས་པས།  ཁོ་བོས་ཀྱང་ཀུན་སློང་དེ་དང་དེ་འདྲའི་སྐུལ་ཤུགས་འོག་ཐུན་མིན་གྱི་ཁྱད་ཆོས་ལྡན་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་སྲོལ་ལུགས་འདི་མདོར་བསྡུས་ཙམ་བཀོད་པ་ལགས་སོ། །



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/11/9 བལྟ་ཀློག (4001)