མི་ཉག་བཞག་བྲ་ལྷ་རྩེ་དང་ཀོའུ་རྡོ་རྗེ་གཡུང་དྲུང་གཉིས་ཀྱི་གཏམ་རྒྱུད།


མི་ཉག་བཞག་བྲ་ལྷ་རྩེ་དང་ཀོའུ་རྡོ་རྗེ་གཡུང་དྲུང་གཉིས་ཀྱི་གཏམ་རྒྱུད།

༼ཁམས་པའི་འཛུམ་རིས།༽

            དེ་ཡང་དམངས་ཁྲོད་དུ་གཏམ་རྒྱུད་སྙན་པ་འབྲེལ་ཆགས་པ་ཞིག་ཡོད་པ་ནི། སྔ་མོ་ཞིག་ལ་མི་ཉག་བཞག་བྲ་ལྷ་རྩེ་དང་། ཀོའུ་རྡོ་རྗེ་གཡུང་དྲུང་ངམ་ནོར་བུ་ལྷ་རྩེ་གཉིས་གཞི་བདག་མོ་ཞིག་གི་དོན་དུ་འཁྲུགས་པ་བྱུང་བ་དང་། སྐབས་དེར་ཀོའུ་གནས་བདག་གིས་ཁོ་རང་ཉིད་ཀྱི་རི་ནས་བཞག་བྲའི་སྟེང་དུ་རེ་འབྱམས་བཏང་བ་དང་། བཞག་བྲས་གསང་བརྡ་ཞིག་གོ་ནས་འུར་རྡོ་ཆུ་མིག་དགུ་སྒྲིལ་གྱི་འུར་མཐིལ་དུ། རྡོ་དཀར་གོང་གཡག་རོ་འདྲ་བ་མང་པོ་བཞག་ནས་འཕངས་པས། དེ་ཡི་ནང་ནས་རྡོ་གཅིག་རེ་འབྱམས་ཀྱི་སྐེ་ལ་ཕོག་ནས་རེ་འབྱམས་ཀྱི་སྐེ་ཆད། མགོ་དེ་མར་ཆད་ནས་ཆུ་ཁར་ལུས་ཡོད། དེ་མིན་རྡོ་དཀར་གོང་ཆེན་པོ་མང་པོ་ཞིག་ཟུར་གྱི་སྤང་ཐོག་ཏུ་བཀྲམ་ནས་ཡོད། དེ་ནས་ཀོའུ་རྡོ་རྗེ་གཡུང་དྲུང་སྐྲག་ཅིང་ཧ་ལས་པར་གྱུར་ནས་བཞག་བྲ་ལ་བཟོད་གསོལ་ཞུས་ཏེ། ལག་པའི་མཐེ་བོང་བསྟན་ནས་ཁ་དྲོ་ད་འུར་རྡོ་མ་རྒྱག་རོགས་ཞེས་ཞུས་པ་རེད། རི་སྣེ་སྐེ་ཆད་པའི་མཚམས་སུ་བྲག་མཐེ་བོང་གིས་དབྱིབས་འདྲ་བ་གྱེན་དུ་འདོམ་གསུམ་གྱི་རིང་ཐུང་ཙམ་ཡོད་པ་དེ་ལ་བྲག་མཐེ་བོང་ཞེས་ས་མིང་ཐོགས་ཡོད།  སྤྱིར་ད་ལྟ་ང་ཚོས་བལྟས་ནའང་ཡ་མཚན་པ་ཞིག་ཡོད་པ་ནི།  ས་རྒྱུད་དེ་ན་རྡོ་དཀར་གོང་ཡོད་པ་མིན་མོད། ཐང་ཆུང་ངུ་ཞིག་གི་སྟེང་དུ་རྡོ་དཀར་གོང་གཡག་རོ་ཙམ་བཅུ་གྲངས་ཤིག་ཡོད་པས་རང་དབང་མེད་པར་མཚར་སྣང་ཞིག་སྐྱེས་དགོས་པ་ཡོད་དོ། །

༼   ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལས་དྲངས། ༽



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/11/11 བལྟ་ཀློག (3543)