མགར་ཐར་ཡུལ་གྱི་འབྲོག་ལས་ཀྱི་སྐོར་རོབ་ཙམ་གླེང་བ།


མགར་ཐར་ཡུལ་གྱི་འབྲོག་ལས་ཀྱི་སྐོར་རོབ་ཙམ་གླེང་བ།

རྡོ་རྗེ་སྒྲོལ་མ།༼ཁམས་པའི་འཛུམ་རིས།༽

         འཇིག་རྟེན་འདིར་མིའི་འགྲོ་བ་བྱུང་བ་ནས་བཟུང་།  དུས་རབས་དང་བསྟུན་པའི་ཤེས་རིག་རེ་དར་ཡོད་དེ།  ཐོག་མར་བོད་མིས་རྩྭ་དང་རྩི་ཤིང་གི་སྤྱིལ་བུ་དང་།  རྡོ་དབྱུག་གི་ལག་ཆ། རྒོད་སྐྱེས་ཀྱི་འབྲུ་རིགས་ལ་བརྟེན་ནས་འཚོ་བ་སྤྱོད་པ་དང་།  རིམ་གྱིས་རྐྱང་འབྲོང་དགོ་སོགས་ཁ་ལོ་བཏུལ་ནས་སྒོ་ཕྱུགས་སུ་བྱས་མཐར་འབྲོག་ལས་དང་ཞིང་ཁ་སོ་ནམ་བཅས་བགས་ཀྱིས་འཕེལ་རྒྱས་སུ་ཕྱིན་ནས་མཐར་དེང་དུས་ཀྱི་འབྲོག་ལས་མ་ཉམས་གོང་འཕེལ་གྱི་རྒྱུན་འཁྱོངས་དང་ནང་སྒོས་སུ་རང་ཡུལ་གྱི་འབྲོག་ལས་གཙིགས་ཆེན་དུ་བསྒོམས་ནས་སྲོལ་རྒྱུན་བཟང་པོ་ཉམས་མེད་ཡར་རྒྱས་ཀྱི་རྒྱུན་འཛིན་བོར་མེད་དུ་གནས།

གཅིག  སྦྲའི་ངོ་སྤྲོད།

         འབྲོག་ཁུལ་གྱི་གནས་ཁྱིམ་དྲོན་མོ་ནི་སྦྲ་ཡིན་ལ།  སྦྲ་ནི་འབྲོག་མི་རང་ཉིད་ཀྱིས་ཁྱད་ཐོན་ལག་ཤེས་ལ་བརྟེན་ནས་གནག་ཕྱུགས་ཀྱི་ཁུལ་རྩིད་ནག་པོ་འཁེལ་འཐག་བྱས་ནས་བཟོས་པའི་རྒྱུ་སྤུས་བཟང་ཞིང་ཁྱད་ཆོས་དང་ཡོན་ཏན་ཤ་སྟག་ལྡན་པ་ཞིག་ཡིན། དབྱིབས་ཀྱི་ཆ་ལའང་འཇོང་བོ་ཅན་གྱི་སྦྲ་དང་། དེའི་སྡེར་གཏོགས་ཀྱི་ཀླད་ནག་ཟེར་བའི་ཕུང་གསུམ་པ་ཞིག   ཀླད་ལེབ་མོ་ཡིན་པའི་ནག་ཚང་ཀ་ར་བཞི་ཅན།   ལྔ་ཅན།  དྲུག་ཅན་ནས་ཆེ་མཐའ་ཀ་བརྒྱ་མའི་བར་དུ་ཡོད་ཅིང་ཕྱིར་ཆོན་ཐག་རིང་ཐུང་མི་མཉམ་པ་མང་པོ་བདོག   སྦྲ་ཀ་ར་བཞི་ཅན་ཞིག་ལ་མཚོན་ན་ཕྱི་ནང་གཉིས་ལ་ཀ་ར་བཅུ་བདུན་ཙམ་དགོས།  མི་རྣམས་ཀྱིས་ཁེད་དང་གབ་ཚིག་གི་རྩེད་འཇོ་རོལ་དུས་ཐག་བརྒྱ་འབྲི་གཅིག་ཅེས་པའི་དོན་ནི་སྦྲ་ཡིན་པ་ཤོད་སྲོལ་འདུག་པ་ནི་བདེན་པར་སྣང་ངོ་།།   ཕྱི་ཡི་ཆོན་ཐག་ནང་ནས་ཕུག་ཆོན་དང་སྒོ་ཆོན་གཉིས་ཀྱི་ཐག་པ་དེ་རྩིད་པ་དཀར་ནག་གཉིས་ཀྱིས་བཟོས་པ་ཞིག་ཡིན།

གཉིས།  བསང་ཁྲི། གཡང་སྒམ་དང་སྒོ་ཕུག་དར།

         བསང་ཁྲི་ནི་སྦྲའི་ཕུག་དང་ཐག་མི་རིང་བའི་གནས་ན་ཁྲི་དམིགས་བསལ་ཅན་ཞིག་ཡོད་པ་དེ་རེད། དེ་ནི་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་མཆོད་གནས་ཡིན།   རྒྱུན་པར་ནངས་སྔ་མོ་དཀར་བོང་བོང་གི་བསང་དུད་དགུང་དུ་སྙེགས་པ་མཐོང་ཐུབ།  ཁྱིམ་གཞིས་རེ་རེར་གཡང་སྒམ་དང་གཡང་མདུད།  སྒོ་དར། ཕུག་དར་ནི་མེད་དུ་མི་རུང་བ་ཞིག་ཡིན།  གཡང་སྒམ་ནང་དུ་གཡང་གི་རིན་པོ་ཆེ་དང་འབྲུ་རིགས་སྣ་ལྔ།  ཐོག་སེར་སོགས་ཀྱི་འཇིགས་པ་སེལ་ཕྱིར་གསེར་འོད་ས་བཅུ་མ་དང་མི་ཚེ་ཐག་རིང་བ་དང་ཕྱུགས་གྱོང་གུད་མི་འབྱུང་བའི་དོན་དུ་གཡང་མདུད།  ནོར་འཚོང་སྐབས་ནོར་གཡང་ཕྱི་ལ་མི་འགྲོ་བའི་ཆེད་དུ་ནོར་གྱི་ཟེ་རྩིད ། སྙིང་རྩིད། ཐོད་རྩིད། རྔ་རྩིད་བཅས་འབལ་ནས་ནོར་གྱི་ཁ་ནང་བཞག་ནས་སྨོན་འདེབས་བྱས་རྗེས་ཕྱིར་བླངས་ནས་གཡང་མདུད་དང་མཉམ་དུ་འཇོག་པའི་ཉམས་མེད་སྲོལ་རྒྱུན་བཟང་པོ་ཡོད།

གསུམ་པ། འབྲོག་པའི་འཚོ་བ།

         འབྲོག་པ་ནི་སྦྲ་ཁྱིམ་དྲོན་མོར་བརྟེན་ཞིང་སྒོ་ཕྱུགས་འཚོ་སྐྱོང་གིས་འཚོ་བ་སྐྱེལ་བ་ནི་སྨོས་ཅི་དགོས། དམངས་ཁྲོད་ཀྱི་བཤད་སྲོལ་ལ་མགོ་ནག་བརྟེན་ས་སྦྲ་ནག   སྦྲ་ནག་བརྟེན་ས་ནོར་གནག  ནོར་ནག་བརྟེན་ས་རྩྭ་སྣག་ཅེས་ཟེར་བ་ལྟར་མཚེར་འཛིན་རྣམས་ཀྱིས་གནམ་གཤིས་དང་ས་རྒྱུ།  སྐྱེ་དངོས་ཀྱི་ཆ་རྐྱེན། དུས་ཚིགས་མི་འདྲ་བར་གཞིགས་ཏེ་དཔྱིད་དབྱར་སྟོན་དགུན་རེས་མོས་ཀྱིས་རུ་སྤོ་བའི་སྲོལ་ཆགས་ཡོད། མཚེར་ས་སོ་སོ་ནས་སྦྲ་ཕུབ་དུས་བཤད་སྲོལ་ལ་ཕུག་གི་ཆོན་ཐག་ཕོ་རྣམས་ཀྱིས་འཐེན་ནས་མི་ཕྱུགས་ཀུན་ལ་བདེ་སྐྱིད་ལོངས་སྤྱོད་འཛོམས་པའི་སྨོན་ལམ་འདེབས་དགོས་པ་དང་།  ནང་རྒྱལ་བ་རིགས་ལྔའི་ཚུལ་དུ་བྱས་ཤིང་སྒྱེད་པུ་རྡོ་ལྔ་ཅན་བཙུགས་ནས་ཇ་བསྐོལ་དགོས།   ཁྱིམ་གྱི་བླ་མའམ་རྒན་པ་ཞིག་གིས་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མ་སོགས་ལ་སྔོན་དུ་ཇ་མཆོད་བྱས་པའི་སྲོལ་གནས།  སྦྲའི་ནང་གི་ཆ་ལག་སྒྲིག་སྟངས་དང་ཡ་དོ་འཇོག་སྟངས། མཆོད་གནས་བཅས་སྒྲིག་ཆས་བཀོད་སྒྲིག་སོགས་ལ་སྨོས་སྟངས་འདྲ་མིན་ཡོད། རྟག་པར་དགོང་ཇ་འཐུང་རྗེས་ཁྱིམ་ཚང་གང་བོས་སྙན་ལྷང་ལྷང་གིས་དགོང་འདོན་བྱེད་སྲོལ་ཡོད། འབྲོག་པའི་བཟའ་བཏུང་གཙོ་བོ་ནི་སྦྲང་དཀར་རྩམ་པ། མར་ཕྱུར་བ། དཀར་འོ་ཞོ། དེ་མིན་འོ་སྤྲི། ཞོ་སྤྲི། སྤྲི་མར། ཟོ་དུང་། སྐྱུར་ལོག  ཕོ་ལོག གྲོ་རྗེན་གོ་རེ། གོར་མར། རི་སྐྱེས་སྒོག་པའི་ཕོ་ལོག་འདྲ་མིན་སོགས་ལུས་ཁོག་ལ་འཕྲོད་པར་མ་ཟད་བཅུད་ལྡན་གྱི་ཟས་སྣ་གྱ་ནོམ་པ་གདའ།  བཞོན་མ་རྣམས་ཀྱིས་དབྱངས་ཀྱི་འགྱུར་ཁུགས་འདྲ་མིན་དྲངས་ནས་བཞོ་གླུ་ལེན་པ་དང་རེ་འགས་དམ་ཆོས་དམིགས་སུ་བཟུང་ནས་ལྟུང་བཤགས་དང་བདེ་སྨོན།  སྒྲོལ་མ་སོགས་མགུར་དབྱངས་སུ་གྱེར་ནས་བཞོ་བཞིན་ཡོད་པ་རྒྱུན་དུ་མཐོང་ཐུབ། གཞན་རོང་འབྲོག་གཉིས་ཀྱི་མཐུན་སྒྲིལ་གསེར་ཟམ་དམ་སྦྲེལ་གྱི་སླད་དུ་དབྱར་སྐལ། སྟོན་སྐལ་ཞེས་པའི་ཟས་སྣ་ཡར་མར་སྐྱེལ་སྲོལ་མཆིས། གཞན་འབྲོག་ལས་མཁོ་ཆས་ཕྱུགས་ཀྱི་པགས་པས་བཟོས་པའི་རྐྱལ་བ།  མེ་འབུད་བྱེད་སྦུད་པའམ་རླུང་ལྡན་པའི་ཁོལ་མོ། འོ་མ་བླུག་སྣོད་ཀྱི་འོ་ཟོ་དང་འོ་ཟོམ། ཤུག་པ་དང་སྨྱུག་མ་སོགས་ཀྱིས་བཟོས་པའི་མར་འཇུག་སྣོད་མར་སྒམ་དང་མར་ཟེའུ་སོགས་ཡོད།  རེ་ལྡེ་འཐག་བྱེད་ཀྱི་ཅ་ལག་ནི་གསེད་རུག  སྣོལ་བཀར། འཐག་རྐང་། སྒམ་འབུར། སྣེ་བརྡབ། འཐག་ཤིང་རྣམས་དང་། རྩིད་སྐུད་སྒྲིམ་བྱེད་འཁྲིལ་སོགས་ཅ་ལག་རྣམ་གྲངས་མང་པོ་མཆིས། རེ་ཞེང་ལ་རིང་ཚད་ཁྲུ་ཙེ་གང་ཙམ་མམ་མཐོ་དོ་དང་སོར་གསུམ་ཙམ།  སྲིད་ལ་འདོམ་པ་ལྔ་ནས་བདུན་བར་ཡིན་པ་སོགས་མདོར་ན་འབྲོག་ལས་ལ་མཁོ་ཞིང་ཡུལ་དུས་དང་འཚམས་པའི་རང་རེ་མེས་པོ་གོང་མ་རྣམས་ཀྱིས་གསར་གཏོད་ཀྱི་སྙིང་བཅུད་ནི་བླ་ན་མེད་པ་ཞིག་གོ །



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/11/12 བལྟ་ཀློག (1677)