བོད་ཅེས་པའི་མིང་ཐོགས་ཚུལ། ༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽


བོད་གནའ་རབས་ཀྱི་ལོ་རྒྱུས་བཤད་པ།

༼བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ལས་དྲངས།༽

གནའ་བོའི་དུས་ནས་འཛམ་གླིང་མཐོ་སྒང་འདིར། །

རབས་དང་རིམ་བཅས་རིགས་རྒྱུད་མ་ཆད་པར། །

ལོ་གྲངས་བསྐལ་པའི་ཚད་དུ་བྱོན་པའི་གཏམ། །

རྒྱུས་ཡོད་མཁས་དབང་རྣམས་ཀྱི་ཞལ་ལས་འབྱུང་། །

བོད་ཅེས་པའི་མིང་ཐོགས་ཚུལ།

          རང་རེའི་ཁ་བ་ཅན་པ་རྣམས་ཀྱིས་དུས་སྔ་མོ་ནས་རང་ཉིད་ལ་བོད་ཅེས་འབོད་པ་ཡིན་ལ། དེ་ཡང་མིང་འདི་ཇི་ལྟར་ཐོགས་པའི་ཐད་ལ་ལོ་རྒྱུས་སྨྲ་བའི་མཁས་པ་སྔ་ཕྱི་སོ་སོར་བཞེད་ཚུལ་འདྲ་མིན་སྣ་ཚོགས་རེ་ཡོད་དེ། བོད་ཀྱི་མཁས་པ་སྔ་མ་དང་རྒན་རབས་ཕལ་ཆེར་གྱིས། རྒྱ་གར་བ་རྣམས་ཀྱིས་རང་ཅག་རྣམས་ལ་བྷོ་ཊ་ཞེས་འབོད་པས་དེ་ལས་བོད་ཅེས་པའི་མིང་བྱུང་བར་དགོངས་ཀྱང་། ཁོང་རྣམས་ཀྱིས་བཞེད་པ་དེ་བོད་ཅེས་པའི་མིང་འདིའི་སྒྲ་གདངས་དང་ཡིག་གཟུགས་ཀྱི་ཡོང་ཁུངས་བྱས་ན་ཅུང་ཟད་རྣ་བར་འགྲོ་སྲིན་ཀྱང་། འོན་ཏེ་མིང་དངོས་ཀྱི་བརྗོད་པ་དང་བརྡ་དེ་ཐོག་མ་རྒྱ་གར་སྐད་ལས་བྱུང་བར་བྱས་ན་གནས་ལུགས་ངོ་མ་དང་མཐུན་དཀའ་སྟེ། ༼དེབ་ཐེར་དཀར་པོ་༽ལས་"དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས། རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས། རྒྱ་གར་པ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ་བོ༵་དང་ད༵་སྒྲ་གཉིས་ཀ་གསལ་བར་ཐོན་པའི་དབང་གིས། བོད། བྷོད། བྷོ་ཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་སྐད་དུ་ཕར་ལ་ཟུར་ཆག་པ་ཡིན་གྱི། རྒྱ་གར་པས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས། "①ཞེས་གསུངས་པ་བཞིན་བོད་ཅེས་པའི་མིང་གི་སྒྲ་ཕར་རྒྱ་གར་སྐད་ལ་བྷོ་ཊ་ཞེས་ཟུར་ཆག་ཅིང་། དུས་ཕྱིས་བོད་ལ་ཡི་གེའི་སྲོལ་བྱུང་རྗེས་སླར་བྷོ་ཊ་བྱ་བའི་ཡི་གེའི་གཟུགས་ལས་བོད་ཅེས་ཚུར་བྲིས་བཞག་པ་ཙམ་ལས། མིང་དངོས་ཀྱི་འབྱུང་ཁུངས་ནི་རྒྱ་གར་སྐད་མིན་པར་ངེས་སོ། །ཡང་དེབ་དཀར་མཁན་པོས་རང་ཉིད་ཀྱི་ལུགས་གཅིག་ལ། "གཡུང་དྲུང་བོན་རྣམས་ཀྱི་ལྟར་ན། ཐོག་མར་བོན་གྱི་ཡུལ་ཞེས་གྲགས་པ་ལ་རྗེས་སུ་བོད་ཀྱི་ཡུལ་ཞེས་ཟུར་ཆག་པ་ཡིན་ནོ་ཞེས་ཟེར་རོ། །བོད་དང་བོན་གཉིས་དོན་གཅིག་ཡིན་ཟེར་བ་འདི་ངེས་པར་བཞད་གད་སློང་བའི་གཏམ་དུ་སྣང་མོད་ཀྱི། ཅུང་ཟད་ཅིག་བསམ་དགོས་པ་ཡང་ཡོད་དེ། དེ་ཡང་རྗེ་གནམ་རི་སྲོང་བཙན་ཡན་ཆོད་ལ། འདི་ཡུལ་གང་པོ་ན་གཡུང་དྲུང་བོན་གྱི་ཆོས་ལུགས་འབའ་ཞིག་དར་བས། མིང་དེ་སྐད་གྲགས་ཀྱང་ཡ་མཚན་རྒྱུ་ཆེར་མེད་ལ། རྒྱ་ནག་པ་རྣམས་སྔོན་དུས་སུ་བོད་ཡུལ་ལ་ཕོན་གྱི་ཡུལ་ཞེས་འབོད་པ་ཡང་བོན་བྱ་བའི་སྒྲ་དང་ཉེ་བས་སོ། །དེར་མ་ཟད་གནའི་ཐ་སྙད་ལ་རྗེས་འཇུག་གི་ད་ན་གཉིས་ཕན་ཚུན་བརྗེས་པ་ཡང་ཤིན་ཏུ་མང་སྟེ། དཔེར་ན། བཙ༵ན་པོ༵་དང་བཙ༵ད་པོ༵། ཆུ༵ད་པོ༵་དང་ཆུ༵ད་པོ༵་སོགས་རེས་མོས་སུ་བྲིས་པ་བཞིན་བོན་དང་བོད་གཉིས་ཀ་ཡང་ཕན་ཚུན་བརྗེ་སྲིད་པས་སོ། །"②ཞེས་བོད་ཅེས་པ་བོན་པོ་དང་འབྲེལ་བ་ཡོད་པས་བོན་མིང་ལས་བོད་བྱུང་བར་དགོངས་ཤས་ཆེ་ནའང་། ལོ་རྒྱུས་ཀྱི་ཡིག་ཚང་སྣ་ཚོགས་ཇི་སྙེད་ཀྱི་གྲས་སུ་བོད་དང་བོན་གཉིས་ཀྱི་རྗེས་འཇུག་བརྗེས་ཡོད་པ་ད་བར་གཅིག་ཀྱང་མ་བྱུང་བས་དེ་ཙམ་སྒྲུབ་བྱེད་དུ་འགྲོ་དཀའ་སྙམ་ལ། སྤྱིར་ཡོངས་གྲགས་ལྟར་ན་རྗེ་གཉའ་ཁྲི་བཙན་པོ་ནས་བཟུང་བོན་ལུགས་བྱུང་བ་ཡིན་ལ། བོན་གཞུང་རྣམས་སུ་བོན་བྱ་བའི་སྒྲ་བཤད་ལ་སྟོང་བ་མིན་པའི་གོ་དོན་ཡོད་པར་བཤད་པས་བོད་ཅེས་པར་དེ་འདྲའི་རྒྱུ་མཚན་ཡོད་མེད་ཆ་མི་འཚལ་ཞིང་། དེ་མ་ཟད་རྗེ་གཉའ་ཁྲིའི་སྐབས་ནས་བོད་དང་བོན་གཉིས་ཀྱི་དབྱེ་བ་གསལ་པོ་ཡོད་པས་བོད་དང་བོན་གཉིས་གཅིག་པར་མི་སེམས་སོ། །


          ཡང་བོད་ཀྱི་མཁས་པ་ལ་ལས་སྔོན་རྒྱ་གར་གྱི་རྩོད་དུས་ཐོག་མ་སྐྱ་སེང་བུ་ལྔ་འཐབ་པའི་ཚེ། རྒྱལ་པོ་རུ་པ་ཏི་དཔུང་ཚོགས་བོད་ཡུལ་དུ་བྲོས་ཡོང་བས་ན་བྲོ༵ས་ཞེས་པ་ཟུར་ཆག་སྟེ་བོད་ཅེས་པའི་མིང་བྱུང་བར་བཤད་ཀྱང་། དེ་ནི་བོད་མིའི་ཐོག་མ་རྒྱ་གར་ནས་མཆེད་པར་འདོད་པའི་ལུགས་ལ་སྒོ་བསྟུན་པ་ཙམ་ལས་རྒྱུ་མཚན་གཞན་སྟོན་རྒྱུ་མེད་པས་བདེན་པར་མ་མཐོང་ངོ་། །འོ་ན་བོད་ཅེས་པའི་མིང་དེ་དོན་དམ་དུ་ཇི་ལྟར་བྱུང་ཞེ་ན། དེ་ཡང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་༼རྒྱལ་རབས་རིམ་བྱུང་གི་མིང་༽ཞེས་བྱ་བའི་ལེའུར། བོད་ཀྱི་རྒྱལ་རབས་དང་རྗེ་གཉའ་ཁྲི་བཙན་པོ་བྱོན་ཚུལ་བརྗོད་སྐབས། འོ་ལྡེ་སྤུ་རྒྱལ་ཏེ་རྗེ་གཉའ་ཁྲིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དབང་དུ་བསྡུས་རྗེས་"བོ༵ད་ཀ༵་གཡ༵ག་དྲུ༵ག་གི་རྗེར་གཤེགས་སོ་"༜ཞེས་འཁོད་པ་དང་། ཡང་༼རྒྱལ་པོ་བཀའི་ཐང་ཡིག༽ཏུའང་"དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོ༵ད་ཁམ༵ས་གཡ༵འ་དྲུ༵ག་བྱ་བར་བཏགས། །"④ཞེས་དང་། ཡང་ཁུ་སྟོན་གྱི་༼ལོ་རྒྱུས་ཆེན་མོ་༽བྱ་བར་"བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོ༵ད་ཁ༵་ཉ༵་དྲུ༵ག་ཟེར་"⑤ཞེས་གསལ་པོར་བཀོད་པ་རྣམས་སྒོ་མཐུན་པ་བཞིན། སྔོན་གཉའ་ཁྲི་བཙན་པོ་ཐོག་མར་མིའི་རྗེ་རུ་བྱོན་དུས་ཡུལ་ཡར་ལུང་དུ་བོད་ཀ་གཡག་དྲུག་ཅེས་པའི་རྒྱལ་ཕྲན་ནམ་ཚོ་བ་ཆེན་པོ་ཞིག་ཡོད་པའི་རྒྱལ་པོ་བྱས་ནས་དབང་བསྒྱུར་བར་བརྟེན། རིམ་གྱིས་དེའི་གདུང་རྒྱུད་ཀྱིས་བཟུང་བའི་སྤུར་རྒྱལ་བཙན་པོའི་སྲིད་དབང་ཡུལ་གྲུ་གཞན་དུ་རྒྱ་བསྐྱེད་པར་་གྱུར་པས། ཡུལ་ཉི་ཚེ་བ་བོད་ཀ་གཡག་དྲུག་གི་བོད་ཅེས་པའི་མིང་དེའང་ཁྱབ་ཇེ་ཆེར་སོང་ནས་མཐར་སྤུར་རྒྱལ་བོད་ཀྱི་ཆབ་འོག་ཏུ་འདུས་པའི་བོད་མི་རིགས་སྤྱིའི་མིང་དུ་འཇགས་པར་མངོན་ནོ། །


          ཡང་དེང་གི་མཁས་པ་ལ་ལས་བོད་ཅེས་པའི་མིང་འདི་ལྷ་སའི་ཁ་སྐད་དུ་རོང་མ་འབྲོག་ཟེར་བ་ལ་བོད་མ་འབྲོག་ཅེས་འབོད་ཚུལ་ཡོད་པ་ཁུངས་བཙལ་ནས། བོད་ཅེས་པའི་མིང་ལ་རོང་ངམ་ཞིང་ལས་བྱེད་པའི་གོ་དོན་ཡོད་པར་བཤད་ཀྱང་། འོན་ཏེ་བོད་ཅེས་པར་ཐོག་མ་སྒྲ་བཤད་དེ་འདྲ་ཡོད་མིན་འདི་ཙམ་གྱིས་ཁ་ཚོན་གཅོད་དཀའ་བས། དེ་ཡང་༼དེབ་དཀར་༽དུ་"རྣམ་པ་གཅིག་ཏུ་ན་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད་"⑥ཅེས་གསུངས་པ་བཞིན་བོད་ཅེས་པའི་མིང་འདི་འདོད་རྒྱལ་དུ་བཞག་ནས་བོད་ཀ་གཡག་དྲུག་བྱ་བའི་མིང་ལས་ཐོགས་པར་བཤད་ན་ལོ་རྒྱུས་ཀྱི་གནས་ཚུལ་དངོས་དང་མཐུན་པར་སྙམ་མོ། །ཡང་སྐབས་འགར་ཁ་བ་ཅན་དང་གངས་ཅན་པ་ཞེས་མིང་ཅི་རིགས་ཤིག་བརྗོད་པ་ནི་དེབ་དཀར་མཁན་པོས་བཀྲལ་བ་བཞིན་ཡུལ་མིང་ཁྱད་ཆོས་ཅན་གྱི་སྟེང་ལ་བདག་སྒྲ་སྦྱར་བས་གང་ཟག་ལ་གོ་བ་ཡིན་ནོ། །དེ་མིན་ད་ལྟ་རྒྱ་རིགས་མ་གཏོགས་པའི་མི་རིགས་གཞན་པ་ཕལ་ཆེར་གྱིས་རང་རེ་རྣམས་ལ་ཐུ་བྷོ་ཐི་ཞེས་འབོད་པ་ཡིན་ལ། དེ་ཡང་སྔོན་དུས་རྒྱ་ནག་སྐད་དུ་རང་རེ་རྣམས་ལ་ཐུ་བྷོད་༼吐蕃༽ཞེས་གྲགས་ཤིང་། དེ་ལ་མི་ལ་ལས་བོད་སྐད་ཀྱི་ལྷོ་བོད་དང་ཡང་ན་སྟོད་བོད་ཅེས་པའི་སྒྲའམ་གྲུ་གུའི་སྐད་གང་རུང་ལས་བྱུང་བར་འདོད་ཀྱང་། དོན་དངོས་ལ་ཐ་སྙད་འདི་རྒྱའི་ཐང་རྒྱལ་རབས་སྐབས་སུ་བོད་ཀྱི་ཆབ་སྲིད་མཐའ་བཞིར་བསྐྱེད་པས། བོད་མི་རྣམས་ཀྱིས་རང་ཉིད་ལ་བོད་ཆེན་པོ་ཞེས་འབོད་པ་དེ་རྒྱ་སྐད་དུ་དང་ཐོག་ཏཱ་བྷོད་ཅེས་བྲིས་པ་ཕྱིས་ཏཱ་སྟེ་ཆེན་པོ་ཞེས་པའི་དོན་ལ་ཁོང་ཚོའི་ཡུལ་སྐད་དུ་སྒྲ་གདངས་ཐུ་ཞེས་བརྗོད་པས་རིམ་གྱིས་ཏཱ་བྷོད་ཐུ་བྷོད་དུ་གྱུར་པ་མཁས་པ་ཕལ་ཆེར་གྱིས་བཞེད་ལ། གནའ་བོའི་གཙུག་ལག་ཁང་གི་རྡོ་རིང་ངོས་སུའང་ཏཱ་བྷོད་༼大蕃༽ཅེས་བྲིས་པའི་རྒྱ་ཡིག་གསལ་པོར་ཡོད་པས་ར་སྤྲོད་བྱུང་བ་ལྟར་མིང་དེ་ཐོག་མར་རྒྱ་ནག་སྐད་དུ་ཟུར་ཆག་སྟེ་བྱུང་བ་དང་། ཕྱིས་བོད་ཀྱི་མངའ་ཐང་ཇེ་རྒྱས་སུ་སོང་བར་བརྟེན། མིང་དེ་ཡང་ཕྱི་གླིང་སོགས་སུ་ཁྱབ་པས་དེང་སང་ཡང་འཛམ་གླིང་མི་རིགས་ཕལ་ཆེར་གྱིས་བོད་ལ་ཐུ་བྷོ་ཐི་༼Tibet༽ཞེས་རྒྱུན་འབྱམས་སུ་འབོད་པ་དེ་ཡིན། དེང་སང་རྒྱ་སྐད་དུ་ཙང་ཙོའུ"藏族"ཞེས་འབོད་པ་ནི་དུས་ཕྱིས་ཡོན་རྒྱལ་རབས་སྐབས་ནས་བོད་ཡུལ་དབུས་གཙང་ལ་༼乌斯藏༽ཞེས་འབོད་པའི་སྲོལ་བྱུང་བར་བརྟེན། དུས་ཕྱིས་རིམ་གྱིས་གཙང་གི་རྒྱ་ཡིག་༼藏༽བྱ་བའི་མིང་ལས་དྲས་པ་བོད་མི་རིགས་སྤྱིའི་མིང་དུ་ཆགས་པ་ཙམ་དང་དེང་སང་རྒྱ་སྐད་དུ་དེ་ལྟར་འབོད་པ་མ་གཏོགས་བོད་རང་སྐད་དུ་གནའ་ནས་ད་བར་མདོ་དབུས་གཙང་གསུམ་དུ་བོད་ཅེས་འབོད་པ་འདི་ལགས་སོ། །



       མཆན།

①༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་༽ཞེས་པའི་དེབ་གསུམ་པའི་ཤོག་ངོས་༢༡༢ནས་༢༡༣བར་གསལ།

②༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་༽ཞེས་པའི་དེབ་གསུམ་པའི་ཤོག་ངོས་༢༡༤པར་གསལ།

③བོད་མིང་ལ་དབང་རྒྱལ་དང་བསོད་ནམས་སྐྱིད་བྱ་བ་གཉིས་ཀྱིས་བསྒྲིགས་བསྒྱུར་གནང་བའི་༼ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་༽(གཤམ་ནས་༼ཏུན་ཧོང་གཏེར་ཡིག་༽ཅེས་པ་རྣམས་དེབ་འདི་ལ་གོ་དགོས)ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༠ལོར་བསྐྲུན་པའི་ཤོག་ངོས་༨༩པར་གསལ།

④གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་གཏེར་ལས་བཏོན་པར་གྲགས་པའི་༼བཀའ་ཐང་སྡེ་ལྔ་༽ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོར་བསྐྲུན་པའི་ཤོག་ངོས་༡༡༣པར་གསལ།

⑤དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་༼ཆོས་འབྱུང་མཁས་པའི་དགའ་སྟོན་༽(གཤམ་ནས་༼ཆོས་འབྱུང་མཁས་པའི་དགའ་སྟོན་༽ཞེས་པ་རྣམས་དེབ་འདི་ལ་གོ་དགོས་)ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༦ལོར་བསྐྲུན་པའི་སྟོན་ཆའི་ཤོག་ངོས་༡༥༢པར་བཀོད་པ་ལས་ལུང་དྲངས།

⑥༼དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་༽ཞེས་པའི་དེབ་གསུམ་པའི་ཤོག་ངོས་༢༡༤པར་གསལ།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/11/22 བལྟ་ཀློག (33680)