ལྷོ་སུ་རྡན་གྱི་ནང་དུ་མུ་གེ་བྱུང་བའི་ཛ་དྲག་གི་ཁྱབ་བསྒྲགས་གསལ་འགྱུར།


ལྷོ་སུ་རྡན་གྱི་ནང་དུ་མུ་གེ་བྱུང་བའི་ཛ་དྲག་གི་ཁྱབ་བསྒྲགས་གསལ་འགྱུར།

      ལྷོ་སུ་རྡན། ཇུ་བྷ། སྤྱི་ལོ་༢༠༡༧ལོའི་ཟླ་༢པའི་ཚེས་༢༡ཉིན། དེ་རིང་ཉིན་རྒྱབ་ཨ་རིའི་CNNགསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་གསལ།  ཁ་སང་རེས་གཟའ་ཟླ་བའི་ཉིན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཆེ་ཤོས་སུ་རྡན་(SUDAN)གྱི་ལྷོ་ཁུལ་དུ་མུ་གེ་དངོས་སུ་འབྱུང་བཞིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་དང་། ཡོངས་ཁྱབ་ཀྱི་གསལ་བསྒྲགས་སམ་བསྒྲགས་གཏམ་དེ་བཞིན་ཁ་སང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་དོན་འབྲེལ་ཡོད་ལྷན་ཁང་གིས་སྤེལ་ཡོད་པ་ཞིག་རེད་འདུག་ཡུལ་དེ་གའི་མུ་གེའི་གནད་དོན་ནི་མིས་བཟོས་པའི་མུ་གེའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་དང་། དམག་འཁྲུག་གི་བྱས་ཉེས་ཚབས་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་སྐོར་གླེང་། 

    འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འབྲེལ་ཡོད་ཚན་པས་བརྗོད་དོན། ད་སྐབས་ལྷོ་སུ་རྡན་གྱི་ནང་དུ་འགྲོ་བཞིན་པའི་དམག་འཁྲུག་དང་དཔལ་འབྱོར་ཡོངས་སུ་རྡིབ་བཞིན་པའི་གནས་སྟངས་འོག་ཁྱོན་མི་གྲངས་100,000ལྷག་བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པའི་གནས་ཚུལ་བརྗོད།


     ད་དུང་ཡུལ་དེ་གར་འབྱུང་འགྱུར་གྱི་དུས་ཚོད་ནང་མི་གྲངས་ས་ཡ་གཅིག་ལྷག་མུ་གེས་མནར་འཆར་ཡོད་སྐོར་འཛམ་གླིང་བཟའ་བཅའ་ལྷན་ཚོགས་(WFP)ཀྱིས་གསལ་བསྒྲགས་སྤེལ་ཡོད་འདུག དེ་མཚུངས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་བཟའ་བཅའ་ལྷན་ཚོགས་གཉིས་ཀྱི་ངོས་ནས་ཉེན་བརྡ་བཏང་དོན། ‘ང་ཚོས་ཛ་དྲག་གིས་ལྷོ་སུ་རྡན་གྱི་ནང་དུ་འགྲོ་བ་མིའི་བདེ་དོན་ལྷན་ཚོགས་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་པ་དགོས་ཀྱི་འདུག དེ་མིན་ད་ལྟའི་གནས་སྟངས་ལས་ཧ་ཅང་ཇེ་སྡུག་ཏུ་འགྱུར་ངེས་རེད། ’ཅེས་བརྗོད་འདུག



རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/2/23 བལྟ་ཀློག (24109)