འབའ་ཕུན་ཚོགས་དབང་རྒྱལ།


འབའ་ཕུན་ཚོགས་དབང་རྒྱལ་གྱི་གསུང་བཏུས་ལས།




     འབའ་བ་ཕུན་ཚོགས་དབང་རྒྱལ་ནི་༡༩༢༢ལོར་ཁམས་འབའ་ཐང་དུ་སྐུ་འཁྲུངས།༡༩༣༦ལོར་ནན་ཅིན་ཆབ་སྲིད་སློབ་གྲྭའི་ཟུར་གཏོགས་བོད་སོག་སློབ་གྲྭ་རུ་སློབ་སྦྱོང་གནང་བ་དང་ཞོར་དུ་སི་ཏ་ལིན་དང་ལེ་ཉིན་གྱི་མི་རིགས་སྐོར་གྱི་རྩོམ་ཡིག་མང་དུ་བཀླགས།

     ༡༩༣༩ལོར་སློབ་གྲྭ་དེ་ཁྲུན་ཆིན་དུ་སྤར། ཁྲུན་ཆིན་དུ་ཁོང་གིས་བསམ་བློའི་གོ་རྟོགས་མཐོར་འདེགས་ཆེད་ཕྱོགས་གཅིག་ནས་སློབ་སྦྱོང་ལ་འབད་བརྩོན་རྒྱུན་མར་གནང་བ་དང༌། ཕྱོག་གཞན་ཞིག་ནས་སྐབས་དེའི་བོད་ཁུལ་གྱི་དངོས་ཡོད་དང་འབྲེལ་བོད་ཁམས་ཡོངས་རྫོགས་གཅིག་གྱུར་བྱས་ཏེ་བོད་ཀྱི་ལམ་ལུགས་རྙིང་བ་བསྐྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་བརྟན་པོ་ཞིག་འཛུགས་རྒྱུའི་ཆེད་དུ། གོ་མིན་ཏང་ཆབ་སྲིད་སློབ་གྲྭའི་ནང་དུ་བོད་རིགས་གུང་ཁྲན་ཚོགས་པ་གསར་འཛུགས་གནང་བ་གོ་མིན་ཏང་འབྲེལ་ཡོད་མི་སྣས་ཤེས་ཚོར་བྱུང་སྟེ། ཁོ་རང་གོ་མིན་ཏང་ཆབ་སྲིད་སློབ་གྲྭའི་ཞོར་གཏོགས་བོད་སོག་སློབ་གྲྭའི་སློབ་སྤྱི་ཅང་ཅེ་ཧྲིས་ནས་ཕྱིར་འབུད་བཏང༌། དེ་རྗེས་ཁམས་ཁུལ་དུ་ཕྱིར་ལོག་ནས་ཕྱི་ཚུལ་དུ་དགེ་རྒན་གྱི་ཕྱག་ལས་གནང་ཞིང་དོན་ལ་ཁམས་ཁུལ་གྱི་གསར་བརྗེའི་བྱེད་སྒོ་སྤེལ་བ་གོ་མིན་ཏང་སྲིད་གཞུང་ནས་ཚོར་བས་འབྲི་ཆུའི་ནུབ་རྒྱུད་བོད་གཞུང་མངའ་ཁོངས་སུ་བྲོས་བྱོལ་གནང༌།

     ༡༩༤༣ལོར་ལྷ་སར་ཕེབས་ཏེ་ཡང་བསྐྱར་༼བོད་རིགས་གཅིག་གྱུར་བཅིངས་འགྲོལ་གནའ་འབྲེལ་ཚོགས་པ༽བཙུགས་ཏེ་བསམ་བློ་ཁོད་ཡངས་ཅན་གྱི་སྐུ་དྲག་དག་ལ་འབྲེལ་བ་གནང་སྟེ་ཞི་བའི་སྒོ་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་བྱུང་རྒྱུར་ཤུགས་རྐྱེན་བྱུང་ཅི་ཐུབ་ལ་འབད་པ་དང༌། ཚོགས་པའི་མིང་ཐོགས་ནས་བོད་གཞུང་བཀའ་ཤག་སྲིད་གཞུང་ལ་སྙན་ཞུ་ཕུལ་ནས། སྤྱི་ཚོགས་དམངས་གཙོའི་བཅོས་བསྒྱུར་ཁག་ལག་བསྟར་བྱེད་དགོས་པ་དང༌། མི་དམངས་ཀྱི་ཁུར་བོ་ཡང་དུ་གཏོང་དགོས་པ། དམངས་གཙོའི་སྤྱི་ཚོགས་གསར་བའི་སྲིད་ཇུས་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན། ཕྱོགས་གཞན་ཞིག་ནས་ཁམས་ཕྱོགས་སུ་བོད་དམག་འབོར་ཆེན་རྩ་འཛུགས་ཆེད་བོད་སྲིད་གཞུང་ལ་གོ་མཚོན་འཐོབ་རྒྱུའི་འབད་བརྩོན་གནང་ཡང་གྲུབ་འབྲས་གང་ཡང་མ་ཐོབ། རྒྱ་གར་དང་ཨུ་རུ་སུ་ལ་འབྲེལ་བ་གནང་ཡང་རོགས་རམ་གང་ཡང་མ་ཐོབ་པས་གོ་མིན་ཏང་སྲིད་གཞུང་གི་མངའ་འོག་ཏུ་ལུས་བའི་འབའ་ཐང་དུ་ཕྱིར་ལོག་སྟེ།རང་རིགས་ལ་ཤ་ཞེན་ཅན་མགོན་པོ་ཚེ་རིང་དང་མཉམ་འབྲེལ་བྱས་ཏེ་༼ཤར་བོད་མི་དམངས་རང་སྐྱོང་མནའ་འབྲེལ་ཚོགས་པ༽བཙུགས་ནས་གོ་མིན་ཏང་ས་གནས་ཀྱི་དམག་ཤེད་ཅན་གཏོར་སྟེ་ཁམས་ཁུལ་གཅིག་གྱུར་གྱི་སྲིད་གཞུང་འཛུགས་རྒྱུའི་འཆར་བཀོད་གནང་ནས་དྲག་པོའི་འོས་ལངས་ལ་ཕམ་ཉེས་བྱུང་བ་དང༌། གོ་མིན་ཏང་སྲིད་གཞུང་ནས་འཇུ་བཟུང་བཀའ་རྒྱ་བཀྲམས་པས་ཡང་བསྐྱར་ལྷ་སར་ཕེབས། ཆབ་སྲིད་ཀྱི་དུས་དབང་གིས་བོད་གཞུང་གིས་ཀྱང་ཕུན་དབང་སོགས་བོད་མི་མང་པོ་ལྷ་ས་ནས་ཕྱིར་འབུད་བཏང༌།

     དེ་ལྟར་རང་སྟོབས་ལ་བརྟེན་ནས་བོད་ཁམས་གཅིག་གྱུར་གྱི་ཞིང་ཁམས་ཤིག་འཛུགས་རྒྱུར་འབད་བརྩོན་རྒྱ་ཆེར་གནང་ཡང་སྔ་ཕྱིར་ཕམ་ཉེས་བྱུང༌བས། གུང་ཁྲན་ཏང་དང་མཉམ་འབྲེལ་གནང་ནས་དེའི་སྟོབས་ཤུགས་བེད་སྤྱོད་ནས་བོད་ཀྱི་ལམ་ལུགས་རྙིང་བ་བསྒྱུར་བཀོད་བཏང་ནས་བོད་ས་ཁུལ་ཡོངས་རྫོགས་གཅིག་གྱུར་གྱི་རང་སྐྱོང་ཚད་ལྡན་ཞིག་འཛུགས་ཐུབ་རྒྱུའི་རེ་བ་བྱས། ༡༩༥༡ལོར་པེ་ཅིང་དུ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་ཐུབ་རྒྱུར་ཧུར་བརྩོན་གནང་བ་དང༌། སྐབས་དེའི་གྲོས་མཐུན་གྱི་ཕྱོགས་གཉིས་ཀྱི་སྐད་བསྒྱུར་བ་འབའ་བ་ཕུན་ཚོགས་དབང་རྒྱལ་དང་བཀྲ་ཤིས་དབང་ཕྱུག་གཉིས་ཀྱིས་བྱས། གྲོས་མཐུན་དོན་ཚན་བཅུ་བདུན་མིང་རྟགས་བཀོད་རྗེས་བཅིངས་གྲོལ་དམག་དང་ལྷན་ཏུ་ལྷ་སར་ཕེབས་ནས་སྐད་བསྒྱུར་བ་གནང་།

     ༡༩༥༣ལོར་བོད་ལྗོངས་ནང་བའི་འཐུས་མི་དང་ལྷན་དུ་པེ་ཅིང་དུ་ཕེབས། ཀྲུང་དབྱངས་མི་རིགས་སྲིད་ཁྲིམས་ཚོགས་པའི་ཚོགས་གཙོ་གཞོན་པ།  མི་རིགས་དཔེ་སྐྲུན་ཁང་གི་སྤྱིའི་རྩོམ་སྒྲིག་པ་བཅས་འགན་གཅིག་ལྕོགས་ཀྱིས་ཁུར། ༡༩༥༤ལོར་གཙོ་འཛིན་མའོ་ཀྲུའུ་ཞི་ཏཱ་ལའི་བླ་མ་དང་པཎ་ཆེན་རྣམ་གཉིས་ལ་མཇལ་འཕྲད་གནང་སྐབས་སྐད་བསྒྱུར་གནང་།

     ༡༩༥༦ལོ་བོད་རང་སྐྱོངས་ལྗོངས་གསར་འཛུགས་གྲ་སྒྲིག་ཚོགས་པའི་ཚོགས་མི་དང་དྲུང་ཡིག་གཞོན་པ་བཅས་ཀྱི་འགན་ཁུར།

     ༡༩༦༠ལོར་གསར་བརྗེ་ངོ་ལོག་པའི་མིང་ཐོག་ནས་ཉེས་མེད་ཉེས་འགལ་གྱི་ཞྭ་མོ་ཆེན་པོ་ཞིག་བསྐོན་ནས་མི་ལོ་བཅོ་བརྒྱད་ཀྱི་རིང་ཆིན་ཁྲེན་ཆབ་སྲིད་བཙོན་ཁང་དང་པོའི་བཙོན་མ་ཁེར་རྐྱང་གི་ཁུང་མིག་དུ་གདུག་རྩུབ་དང་བཙན་གནོན་འོག་འཚོ་དགོས་བྱུང་བ་རེད། འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ལུས་པོ་བཙོན་འཇུག་གནང་ཡང་བློ་སྤོབས་ལ་ཞུམ་པ་མེད་པར་ད་དུང་ཕམ་ཁའི་ཁྲོད་ནས་རྒྱལ་ཁ་ལ་རེ་བ་དང་མངོན་དུ་ཕྱོགས་ཏེ། མར་ཁེ་སི་རང་ལུགས་ཀྱི་རིག་གཞུང་དེབ་མང་པོ་དང༌། ལྷག་པར་དུ་མཚན་ཉིད་རིག་པའི་དཔེ་དེབ་མང་པོ་ཀློག་ནས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་པ་གནང་མཐར། སྐད་གྲགས་ཅན་གྱི་དེབ་༼རྩོད་སྒྲུབ་རིག་པ་གསར་དཔྱད༽ཅེས་བ་ལེགས་འགྲུབ་བྱུང་སྟེ་མར་ཁེ་སུ་མཚན་ཉིད་རིག་པ་འཕེལ་རྒྱས་དང་བོད་མི་རིགས་ཀྱི་མཚན་སྙན་དང་ལ་རྒྱ་ལ་མཐོར་འདེགས་གནང༌།

     ༡༩༧༨ལོའི་ཟླ་༤པར་བཙོན་གྲོལ་བྱུང་། ༡༩༨༠ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྟེགས་བུའི་ཐོག་བློ་མཐུན་ཏན་ཞའོ་ཕུན་ཁོང་གི་ལག་ལ་དམ་པོར་འཇུས་ཏེ། ཁྱེད་ཀྱིས་དཀའ་སྡུག་ཆེན་པོ་མྱངས་སོང༌། ཁྱེད་ལ་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དེ་རྦད་དེ་ནོར་འཁྲུལ་རེད། ཅེས་གསུངས་བ་དང༌། དེ་མུར་སྐབས་དེའི་སྤྱི་ཁྱབ་སྲིད་འཛིན་ཧུའུ་ཡའོ་པང་ནས་ཀྱང༌། དེ་རིང་ཁྱེད་རང་གི་མཚན་སྙན་སླར་གསོ་བྱས་པ་ཡིན་ཅེས་དཀར་འདོན་གནང་། ལོ་དེར་༼རྩ་ཁྲིམས་ལས་མི་རིགས་སྐོར་གྱི་དོན་ཚན་བཅོས་བསྒྱུར་དགོས་པའི་ཐད་ཀྱི་བསམ་ཚུལ་འགའ་༽ཅེས་པ་དང་།༼ཕུན་དབང་དང་གཞིས་གྱེར་བོད་མིའི་འཐུས་མི་བར་གྱི་ཁ་བརྡའི་གནད་བྲིས། ༽བརྩམས་སྤེལ་གནང་བས་མི་རིགས་གནད་དོན་ལ་ཚང་མས་ཐུགས་ཁུར་དང་བགྲོ་གླེང་བྱས།

     ༡༩༨༠ལོ་ནས་སྐབས་ལྔ་བ་དང་དྲུག་པ། བདུན་པ་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་འི་ཨུ་ཡོན་དང༌། རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་སོགས་ལ་བདམས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་མཚན་ཉིད་རིག་པའི་རབ་འབྱམས་པའི་སློབ་མའི་སློབ་སྟོན་པ་སོགས་ཀྱི་འགན་བཞེས་མྱོང༌། ཏུན་ཞའོ་ཕུན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་གསར་བའི་འོག་རང་མི་རིགས་ཀྱི་ཁེ་དབང་ལ་རྩ་ཁྲིམས་ཀྱི་འགན་སྲུང་ཡོང་ཆེད་གོང་རིམ་ལ་སྙན་ཞུ་དང་བསམ་ཚུལ། གྲོས་འདོན་གནང་སྟེ་མི་རིགས་ལ་ཤ་ཞེན་རུས་ཞེན་གྱི་སྒོ་ནས་ཕན་འབྲས་ལྡན་པའི་བྱ་བ་མང་དུ་སྒྲུབ།

     ༡༩༩༠ལོར་ཁོང་གི་གསུང་རྩོམ་དང་པོ༼རྩོད་སྒྲུབ་རིག་པ་གསར་བཤད༽ཅེས་པ་པར་དུ་བསྐྲུན། མིང་དུ་གྲགས་པའི་མཚན་ཉིད་རིག་པའི་གཞུང་ལུགས་པ་མང་པོ་ནས་གཟེངས་བསྟོད་གནང༌།

     ༡༩༩༤ལོར་ཁོང་གི་གསུང་རྩོམ་གཉིས་པ་སྟེ༼ཟླ་བའི་སྟེང་གཤེར་གཟུགས་ཡོད༽ཅེས་པ་པར་དུ་བསྐྲུན་ཞིང་རྗེས་ཉི་ཧོང་གི་སྐད་དུ་བསྒྱུར།

     ཟླ་བའི་སྟེང་གཤེར་གཟུགས་ཡོད། ཉི་ཧོང་པར་མ།

     ༡༩༩༦ལོར་ཁོང་གི་གསུང་རྩོམ་གསུམ་པ་སྟེ༼རང་བྱུངརྩོད་སྒྲུབ་རིག་པ་གསར་བཤད༽ཅེས་བ་པར་དུ་བསྐྲུན་ཅིང༌།

     ༡༩༩༧ལོར་ཁོང་གིས་གཙོ་སྒྲིག་མཛད་པའི་༼ཀྲུང་གོའི་མི་རིགས་རང་སྐྱོང་ས་ཁུལ་ལ་མ་རྩ་འཇོག་མཛུབ་སྟོན།༽དང་༼ཀྲུང་གོའི་མི་རིགས་ཁྲིམས་སྐྱོང་དཔྱད་རྩོམ་ཕྱོགས་བསྒྲིགས་གཉིས་བསྟུད་མར་པར་དུ་བཏབ།

     ༡༩༩༨ལོར་ཅང་ཙེ་མིན་གྱིས་ཕུན་ཚོགས་དབང་རྒྱལ་དང་ཁོང་གི་བཟའ་ཟླ་གཉིས་ལ་མཇལ་འཕྲད་མནང་། ༢༠༠༤ལོ་ནས་ཕུན་ཚོགས་དབང་རྒྱལ་གྱིས་ཧུའུ་ཅིན་ཐའོ་ལ་འཕྲིན་ཡིག་ཐེངས་མང་བསྐུར་མནང་མཛད་ནས་ཀྲུང་དབྱང་དང་ཏྰ་ལའི་བླ་མ་བར་ཞི་བའི་གྲོས་མོལ་བྱས་ཏེ་བོད་ཀྱི་གནད་དོན་ཐག་བཅོད་བྱེད་རེ་མནང་བའི་བསམ་ཚུལ་བཏོན།

     ༢༠༡༤ལོར་ཁོང་གི་བརྩམས་འགྲུབ་གནང་བའི་༼རང་རྒྱལ་གྱི་མི་རིགས་འབྲེལ་བའི་སྐོར་གྱི་བསམ་གཞིགས་—འདྲ་མཉམ་མཐུན་སྒྲིལ་གྱི་ལམ་ཐག་རིང་མོ༽ཅེས་པ་ཞང་ཀང་དུ་པར་བསྐྲུན།

     རྒྱལ་ཁབ་ཕྱི་ནང་གི་གསར་ཤོག་དང་དུས་དེབ་སོགས་ཀྱི་སྟེང་དུ་ཁོང་གི་གྲུབ་འབྲས་ལ་གདེང་འཇོག་དང་མཚན་སྙན་འཛམ་གླིང་ཡོངས་ལ་གྲགས། བྱང་ཨ་རིར་བོད་ཀྱི་རིག་གཞུང་འཆད་ཁྲིད་གནང་བཞིན་བཞུགས་ཡོད། ༢༠༡༤ལོའི་ཟླ་༣་པའི་ཚེས་༣༠ཉིན་གྱི་ཞོགས་པར་པེ་ཅིང་སྨན་ཁང་དུ་སྐུ་གཤེགས། དགུང་ལོ་གོ་གཉིས་ཡིན།

     མདོར་ན་འབའ་བ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེ་གང་བོ་ནི་འོད་སྟོང་ལྡན་ཞིང་རང་གི་ཕ་ཡུལ་གངས་རིའི་ལྗོངས་འཕེལ་རྒྱས་དར་སྤེལ་དང༌། འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་གྱི་གངས་ལྗོངས་ཞིག་ཏུ་འགྱུར་ཆེད་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་བློ་སྤོབས་ཆེན་པོས་དཀའ་སྡུག་སྣ་ཚོགས་རྒྱབ་ཏུ་བསྐྱུར་ནས་འབད་བརྩོན་གནང་བ་ལ་མི་རབས་ཕྱི་མ་རྣམས་ཀྱིས་ཤེས་རྟོགས་དང་སློབ་སྦྱོང་གནང་དགོས་པའི་གནད་ཞིག་ཡིན་པ་དང་།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/3/30 བལྟ་ཀློག (22640)