བེ་མིག་གི་རྩོམ་བཏུས་ཁག་བཅོ་ལྔ་བ།

བེ་མིག་གི་རྩོམ་བཏུས་ཁག་བཅོ་ལྔ་བ།

ཁོ་བོའི་པིར་མིང་ལ་བེ་མིག་ཏུ་འབོད།
ཁོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་བེ་ཆེན་སྡེ་བ་ནས་ནར་སོན་པའི་སློབ་གཉེར་བ་དཀྱུས་མ་ཞིག་ཡིན།ཁོས་སོར་བཅུའི་རྩལ་ལས་ཐོན་པའི་ལྗགས་རྩོམ་མང་བོ་ཞིག(གངས་ཅན་མེ་ཏོག)དང(བཙན་པོ་མགར)གྱི་དྲྭ་ཚིགས་གཙོས་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་མང་བོ་ཞིག་ཏུ་ཀློག་པ་བོ་དག་ལ་གཟིགས་རྟེན་དུ་ཕུལ་བ་དེ་ལས་མ་འདས་སོ།།
ཁོའི་བརྩམས་ཆོས་ལ༼ཚོར་བའི་བཅུད༽ ༼རྨ་འགྲམ་གྱི་ཆིག་ལབ༽ ༼བེ་མིག་གི་མྱི་སྐད༽ ༼ཚོར་བ་གྱེར་བའི་གླུ༽སོགས་འཕྲུལ་དེབ་དུ་མ་ཡོད།


མི་ཡུལ་འགྲིམས་པའི་མྱོང་ཚོར།
                         བེ་མིག༼རྨ་ལྷོ༽
གཞོན་པ་ཉི་ཤུའི་ལོ་གྲངས་མི་རིང་ཞིང་མི་ཐུང་།།
ཚེ་ཕྱེད་བག་མེད་རྩེད་འཇོའི་རྩེད་ར་འདི་ནར་མོ།།
ཉི་ཤུའི་རྐང་ལམ་གྱ་གྱུ་གང་ཞིག་ལ་གཏད་ཀྱང་།།
ཅང་མེད་བུ་ལོའི་འཇིག་རྟེན་ཟུར་གསུམ་ལས་མ་མཆིས།།

མི༵་ཡུལ་ལུང་བ་འགྲིམས་པའི་བདེ་འདོད་ཀྱི་རྨི་ལམ།།
མི༵་ཁོམ་འཁོར་བ་ཉུལ་བའི་འཆིང་ཐག་གི་བྲན་རྒྱུག།
མི༵་ཟས་ལོངས་སུ་སྤྱད་པའི་ཟས་རིན་དེར་གཞིགས་ན།།
མི༵་རྐྱང་གཅེར་བུ་མིན་པའི་ངེས་ཤེས་ཤིག་མ་རྙེད།།

ཐུན་གསུམ་སྦྱངས་པར་བརྩོན་པའི་ཨ་གསར་གྱི་དཔེ་ཀློག།
ཚེ་གང་རྒྱགས་ཕྱེ་འགྱུར་བའི་རེ་བ་དེ་དབེན་ཕྱིར།།
སྨྱོན་པ་གར་དུ་རྩེན་པའི་འཇིག་རྟེན་གྱི་སྣང་བ།།
རང་སེམས་རྨོངས་པར་གནས་པའི་གླེན་རྟགས་ལས་མ་འདས།།

ཚིག་སྦྱོར་ལེགས་པར་མེད་པའི་ཆུ་རྙོག་གི་རྩོམ་ཡིག།
བརྗོད་དོན་བུ་རམ་ཡིན་པའི་མངར་ཁ་དེ་མེད་ཀྱང་།།
རང་སེམས་སྐྱིད་ལ་སྐུར་བའི་བུ་ཆུང་ངའི་འཚོ་ལུགས།།
མདོར་ན་ཅོལ་ཆུང་བུ་ལོའི་སྨྱོ་རྟགས་ལས་མ་ཡིན།།
                           ཡེ་ལོ༢༠༡༦/༡༢/༧ཉིན།


དགའ་རོགས་དུས་ཆེན་གླེང་བ།
                                     
ཆུང་དུས་རས་གཟན་དམར་བོ་རླུང་ལ་སྤུར།།
བགྲེས་དུས་གྲྭ་ཤག་རལ་བོ་སེམས་སུ་འཁྱག།
མཛའ་མཐུན་རུས་པའི་རྐང་ལ་ཟུག་པ་ཡི།།
བརྩེ་ལྡན་ལས་ཀྱི་མི་དེ་ག་རེ་གདའ།།

དགའ་རོགས་མངར་སྐྱུར་འདྲེས་པའི་བུ་རམ་ཞིག།
དགའ་རོགས་སྒྲོམ་ལ་ཉར་བའི་གླེགས་བམ་ཞིག།
ཆུང་ཆུང་རོགས་ལོ་ཟེར་བའི་འདང་ཆེན་པོ།།
ལང་ཚོའི་ནུ་འབུར་རྒྱས་པ་དེ་ཡིན་ནམ།།

དབེན་པའི་རི་ཁྲོད་འགྲིམས་པའི་དྲང་སྲོང་ངས།།
བསྒོམས་ཤིང་མཆོད་པའི་དབྱངས་ཅན་ལྷ་མོ་ཀྱེ།།
དགའ་རོགས་ཡིན་ནམ་བྲང་གི་ཟབ་སར་རྒྱུ།།
དགའ་རོགས་མིག་ཆུའི་རྟོགས་བརྗོད་རིང་མོ་ཞིག།

དགའ་རོགས་བྲིས་ན་མི་ཚར་ཉིན་ཐོ་ཞིག།
དགའ་རོགས་ཁྲུས་ལ་རོལ་བའི་སྒེག་མོ་ཞིག།
སེམས་ཀྱི་སྡོམ་ཐག་འཆིང་བའི་གབ་ཚིག་དེ།།
དགའ་རོགས་ཨེ་ཡིན་སྣང་བའི་མགྲོན་པོ་ལགས།།

དགའ་རོགས་འདོད་པའི་རྩེད་ཡ་དགོད་རོགས་ཤིག།
དགའ་རོགས་གཅེར་བུ་བུད་པའི་སྙིང་ཉེ་ཞིག།
ས་ཏྭ་གསང་བའི་ཡིག་ཆུང་ནག་པོ་འདི།།
སྣང་བའི་ཞེ་ལ་ཐོགས་པའི་སྙན་ངག་ཅིག།

དགའ་རོགས་གང་དུ་སྦས་པའི་མཛོད་གཏེེར་ཞིག།
དགའ་རོགས་གང་ལ་འཁྲུངས་པའི་མེ་ཏོག་ཅིག།
བརྩེ་འཕྲིན་པོ་ཏི་སྤུངས་པའི་སྙན་ངག་འདི།།
ས་ཏྭ་སུ་ལ་འཕངས་པའི་ཟུར་མིག་ཡིན།།
                     སྤྱི2017/2/14ཉིན།


     འགྲུལ་བཞུད་ཀྱི་ལྷ་མོ།
                                           
བརྩེ་བའི་དུངས་པ་དེ་མི་གླེང་ལས་ཀྱི་ཁ་ཐག་དེ་རིང་སོང་།།
འགྱུར་མེད་འདང་བརྩེ་དེ་མི་གླེང་བར་ཐག་རི་ཆུ་ཡིས་ཆོད་འདུག།
སྒེག་པའི་ལང་ཚོ་དེར་མི་ཞེན་སྟོན་མཇུག་མེ་ཏོག་གི་རང་བཞིན།།
སེམས་སོང་བུ་མོ་ཁྱོད་བཀྲ་ཤིས་ས་ལམ་གང་སོང་དེ་ལམ་དཀར།།

དང་བོ་འཛོམས་པ་དེ་ལན་ནམ་ཚེ་སྔོན་ལས་འཕྲོ་ཞིག་ཡིན་ནམ།།
འཛོམས་པ་ཡག་མོ་འདི་བདེ་ལེགས་འུ་གཉིས་མཇལ་བ་འདི་བཀྲ་ཤིས།།
ལྷ་མོ་བདེ་སྐྱིད་ཀྱི་འཚོ་ཞིང་གར་འགྲོ་དོན་ཀུན་རང་འགྲུབ་ཤོག།
རི་ཆུའི་བར་ཐག་དེ་རྒོད་ཀྱང་ནམ་ཞིག་ལྷན་འཛོམས་དེ་རོལ་ཤོག།

མ་ཤོད་སྙིང་ཁོང་གི་གཏམ་ཐུན་ག་ལེར་གབ་ཚིག་ཏུ་འགོད་དུས།།
བུ་མོའི་དྲི་ལན་དེ་ཚོར་རམ་སྡེ་ཆེན་མྱི་ཁ་དེ་སྐྲག་གམ།།
ལས་དབང་བསམ་ནག་ཏུ་བློམ་མམ་ཁ་ཡིག་སྐོར་ལོག་ཏུ་འདོད་དམ།།
ལུས་ཀྱི་བར་ཆག་དེ་རིང་ཞིང་ཁ་བརྡའི་སྙིང་གཏམ་དེ་དཀོན་སོང་།།

མ་འཕྲད་ལོ་ཟླ་དེ་ག་ཙམ་མ་བརྗོད་སྙིང་གཏམ་དེ་ཅི་ཙམ།།
ལང་ཚོའི་སྟངས་སྟབས་དེ་གང་དུ་ཚེ་མཇུག་རྟེན་ཡུལ་དེ་སུ་ཞིག།
ཡུལ་སྐོར་འགྲུལ་བཞུད་དེ་བདེ་འམ་འགྲོ་རོགས་སྙིང་གྲོགས་དེར་མཐུན་ནམ།།
བརྗེད་མེད་དྲན་ཤིང་དེ་བསྐྱུར་རམ་བུ་ཆུང་འདོ་མེད་དུ་བསྒོམས་སམ།།

སོར་བཅུའི་སྟངས་སྟབས་དེ་འཁྱོར་རམ་སེམས་པའི་འཁོར་ཕྱོགས་དེ་ལན་ནམ།།
སྙིང་གཏམ་བརྩེ་འཕྲིན་དུ་སྤྲིངས་པས་ཨ་ལན་ཚིག་གསུམ་ཞིག་འབྱིན་ནམ།།
བུ་ཡི་སྨྱོ་རྟགས་སུ་མཐོང་ངམ་དགའ་བའི་དན་རྟགས་སུ་འཛིན་ནམ།།
གང་ལྟར་བུ་མོ་ཁྱོད་བཀྲ་ཤིས་འདོད་དོན་ཀུན་འགྲུབ་ཀྱི་བཀྲ་ཤིས།།
                     2017ལོའི་ཚེས་གསུམ་ཉིན་སེམས་སོང་ཁོ་མོ་ལ།

      ང་ལ་བསྐྱུར་རོགས།
                       
གཙང་བོ་འདི་གང་ནས་གང་དུ་བཞུར་འགྲོ།།
སེམས་པ་འདི་སུ་དང་གང་གི་བརྐུས་འགྲོ།།
སེམས་སོང་གི་འཕྱོར་མོ་ངོ་གཉིས་དཀར་ནག།
སྙན་ཚིག་གི་མེ་ཏོག་ང་ལ་བསྐྱུར་རོགས།།

ཨ་སྔོན་གྱི་ཟླ་བ་ནམ་ཞིག་འགྲིབ་ཚེ།།
སྐར་འཚོགས་ཀྱི་མིག་ཆུ་མུན་པས་ཕྱེས་ཡོང་།།
རྟག་འཛིན་གྱི་བཞེངས་པའི་ལྷས་འདབ་བུ་མོ།།
སྙན་ངག་དང་ལྷན་དུ་ང་ལ་འཇོག་རོགས།།

ཚོར་བ་ཡི་བདེ་སྡུག་གཅེར་བུ་བུད་ནས།།
ཕྱི་ནང་གི་ཡོད་ཚད་སུ་ཡིས་སློག་ཅིང་།།
སྙེས་རྟེན་དུ་དེབ་ཧྲུལ་ཚི་དྲེག་ཅན་ཉིད།།
འདིར་ཚོགས་ཀྱི་ཨ་ཁུས་ང་ལ་བསྐྱུར་རོགས།

འགྲིག་རྟགས་དེ་སུ་དང་གང་གི་བརྒྱབ་ཅིང་།།
སྐྱེ་འཆི་དེ་ནམ་ཞིག་གང་ནས་ཐོན་ཡང་།།
ཤ་ཁྲག་གི་ཕུང་བོ་་ཧྲིལ་བོ་ཁ་ཚང་།།
ཁྲོམ་པ་འདིས་ང་ཡི་དུར་དུ་འཇུག་རོགས།།
                ༢༠༡༧ལོའི་ཚེས་གསུམ་ཉིན།

ལམ་ཟུར་གྱི་སྣང་བ།
               
ལམ་ཐག་རིང་མོ་ལེ་བར་སྟོང་།།
འཁོར་བཞི་འགྲོ་འོང་སྐྲ་ཤད་འཛག།
བདེ་མོ་ལམ་འདི་རི་གཟར་འདྲ།།
ལྗོན་ཤིང་དག་ཀྱང་མྱུར་གྱིས་འགྲོ།

རི་ལུང་ཁ་བ་མཛེས་ཤིང་སྡུག།
དར་གར་འཕྱོར་མོ་བག་ལ་བྲེལ།།
བསིལ་རླུང་ལྡང་བས་འཇག་མ་ཡི།།
སྙན་པའི་གླུ་ཆུང་ལེན་པ་གཟན།།

ལོ་འདབ་སེར་བོའི་རྒྱལ་ཁམས་སྙེགས།།
ངང་མོའི་དར་ཁ་འགྲིམས་ལ་རྩེན།།
དར་ཤུལ་རྩེད་པའི་སྣ་ལུག་ཚོ།།
དགུན་གཞུང་སྐྱ་མོ་ཞེན་པ་ཆགས།།

འགྲོ་སའི་རྐང་ལམ་གྱ་མ་གྱུ།།
སྣང་བའི་གླུ་ཆུང་སབ་བེ་སོབ།།
ངལ་བའི་བུ་ཆུང་ཉབ་བེ་ཉོབ།།
ཚིག་གི་གར་སྟབས་འཁྱར་མ་འཁྱོར།།
        ༢༠༡༦/༡༡/༦ཉིན་ལམ་བར་དུ།

འཆི་བ་ལ་སྟ་གོན་བྱས་པ།
                       
ཚེ་མི་རྟག་གློག་དམར་འཁྱུག་དང་མཚུངས།།
དུས་ནམ་ཞིག་བེམ་རིག་འབྲལ་དགོས་པས།།
ཚེ་དོན་དང་ལྡན་པ་སོམས་ཤིག་ཀྱེ།།
འདི་སེམས་ལ་ཟུངས་ཤིག་ཁ་བའི་སྤུན།།

ཚེ་འཆི་བའི་གོ་རིམ་ངེས་གཏན་མེད།།
ཚེ་ལང་ཚོ་རྫོགས་པའི་དུས་འདི་རུ།།
ཚེ་གཅིག་ལ་དོན་ལྡན་བསྒྲུབ་པའི་བྱ།།
ཚེ་གང་ལ་གཡོ་མེད་ཧུར་གྱིས་བརྩོན།།

དུས་ནམ་ཞིག་འཆི་བདག་ཐོན་པའི་ཚེ།།
དུས་དེ་དུས་གནོང་འགྱོད་མེད་པ་ཞིག།།
དུས་ད་ལྟ་སོམས་ལ་དོན་ཀུན་བསྒྲུབ།།
དུས་དེ་རིང་བསམ་ཞིང་ཤོར་ལ་ཐལ།།

ལས་བདེ་སྡུག་ཅི་འབྱུང་སྔོན་བྱས་འབྲས།།
སེམས་ཚོར་བའི་བདེ་སྡུག་ཁྲི་མ་འབུམ།།
ཚེ་སྐྱིད་སྡུག་རེས་མོས་འཁོར་བའི་ཆོས།།
སེམས་རྩ་བ་དཀར་ན་ལམ་ཡང་དཀར།།

བློ་ཁ་ཞེ་དཀར་བོའི་རྩ་བ་བརྟན།།
སྐབས་དུས་གཅིག་བློ་ཕམ་སྐྱེས་ཀྱང་རུང་།།
ཚེ་ཕྱི་མ་འཕེན་པའི་ལེགས་ཚོགས་ལ།།
བློ་ཞེ་རྩ་དཀར་བ་བཀྲ་རེ་ཤིས།།

       ༢༠༡༦/༡༡/༦ཉིན་ལམ་བར་དུ།


ངའི་སྙིང་གཏམ་ད་གླེང་གནའ་གླེང་ཡིན།
                           
སེམས་རྣམ་རྟོག་སྒྱུ་མའི་བསླུས་མིན་ན།།
ཁྱོད་ཁོ་ན་མཛེས་པའི་ཏོག་གཅིག་པུ།།
སེམས་ཤོར་བ་ད་ལོ་སྔར་ལོ་མིན།།
ངའི་སེམས་སོང་གཅེས་ལོ་སྙིང་ལ་རྗེ།།

གནས་འཁོར་བའི་ཚེ་སྔོན་ལས་མིན་ན།།
ངའི་ཚེ་གྲོགས་ཚེ་རིང་སྙིང་ལ་ཉེ།།
ང་འགྲོགས་པ་ད་ལོ་སྔར་ལོ་མིན།།
ངའི་ཚེ་གྲོགས་ལུས་མཐུན་སྙིང་ཉེ་བོ།།

ལས་སྨོན་ལམ་ལེགས་པའི་རྐྱེན་མིན་ན།།
ངའི་ན་མཉམ་ཟླ་བཟང་ཡིད་མཐུན་གྲོགས།།
ངེད་འགྲོགས་པ་ད་ལོ་སྔར་ལོ་མིན།།
ལས་གཅིག་ལ་འཛོམས་པ་ཡག་རེ་ལྟོས།།

ངའི་ཐོས་འཛིན་རྣ་བ་འཁྲུལ་མིན་ན།།
ངའི་སེམས་ཀྱི་སྙིང་གཏམ་མགུར་ལས་སྙན།།
ངའི་སྙིང་གཏམ་ད་གླེང་གནའ་གླེང་ཡིན།།
ངའི་སེམས་མཐུན་གྲོགས་གཅེས་བཀྲ་རེ་ཤིས།།

བརྩེ་འཕྲིན་འོ་མའི་ཀ་ར།

བརྡ་འཕྲིན་དུས་རབས་གསར་བའི་ཚན་རྩལ་དེ་རྒོད་པས།།
དང་བོར་ཁྱོད་ལ་མཇལ་བའི་སྐལ་བ་འདི་བཟང་སོང་།།
ཐེངས་རེར་དཀར་ལ་དམར་བའི་གཞོན་ཤ་དེ་མཐོང་བས།།
བདག་སེམས་དབང་མེད་ཁྱོད་སར་ལན་བརྒྱར་དུ་ཤོར་སོང་།།

བཟང་བོ་བཟང་བོ་ཚེ་སྔོན་ལས་འཕྲོ་དེ་ལེགས་པས།།
ཁྱོད་ཞལ་མེ་ཏོག་ཆུན་པོ་བདག་སེམས་སུ་འཁྲུངས་སོང་།།
ཤོར་རོ་ཤོར་རོ་བདག་སེམས་དབང་མེད་དུ་ཤོར་བས།།
ཁྱོད་ཀྱི་གཤིས་རྒྱུད་བཟང་བོའི་བདག་སེམས་འདི་བཀུག་ཐལ།།

ཡག་སོང་ཡག་སོང་ད་རེས་འཛོམས་པ་འདི་ཡག་པས།།
བདག་གི་གློ་སྙིང་ཡོད་ཚད་ཁྱོད་ཉིད་ལ་ཕུལ་ཡོད།།
ལེགས་བྱུང་ལེགས་བྱུང་རེ་བའི་ཨ་ལན་འདི་ཡོད་པས།།
ངས་ཀྱང་བློ་བདེའི་མགོ་བོ་ཁྱོད་ཉིད་ལ་སྦྱར་ཡོད།།

མཐུན་པ་མཐུན་པ་ཡག་སོང་བརྩེ་བ་འདི་དཀར་བས།།
སེམས་མཐུན་སེམས་པའི་འོ་ཞིག་ཁྱོད་ཉིད་ལ་བྱེད་འདོད།།
བཀྲ་ཤིས་བཀྲ་ཤིས་མཇལ་འཛོམས་སྐལ་བཟང་འདི་བཀྲ་ཤིས།།
འགྱུར་མེད་བརྩེ་བའི་ལྗང་སྨྱུག་གེགས་མེད་དུ་རྒྱས་ཤོག།

བརྩེ་འཕྲིན་བུ་རུམ་ཞིམ་པོ།
             
ལས་ཀྱི་འཛོམས་པ་ཡག་མོ་བཀྲ་རེ་ཤིས།།
བརྩེ་བའི་དུངས་སེམས་འཁྲེང་བ་ཁྱོད་ཉིད་ལགས།།
སེམས་སོང་ཡིད་འོང་ན་ཆུང་སྒེག་ལྡན་ལྡན་མ།།
བརྩེ་བའི་འཕྲིན་ལ་རེ་བའི་ཨ་ལན་གནོང་།།
 
 དང་བོ་མཇལ་བ་ལེགས་བྱུང་བསྐལ་བ་བཟང་།།
ཡུན་རིང་སྙིང་ལ་འཛུམ་པའི་མེ་ཏོག་བཞད།།
ཐེངས་འདིར་ནང་སེམས་མཐུན་པ་བཀྲ་རེ་ཤིས།།
མི་འགྱུར་བརྩེ་བའི་དགུ་མདུད་སྦྲེལ་ལ་ཤོག།

འུ་གཉིས་བར་ཐག་རི་ཆུའི་ཆོད་ན་ཡང་།།
དུངས་པའི་བརྩེ་བ་འགྱུར་མེད་རྡོ་རྗེ་བྲག།
གལ་ཏེ་འཛོམས་པ་ཡག་མོའི་སྐལ་བཟང་ལ།།
བདག་སེམས་གཅེར་བུ་ཁྱོད་རང་ཁོ་ནར་འབུལ།།

ལས་དང་ལམ་གྱི་ཐོད་པའི་ཁ་ཡིག་གིས།།
ཁྱོད་དང་འཕྲད་པ་ཚེ་སྔོན་ལས་འཕྲོ་ལགས།།
དེང་འདིར་ཁྱོད་ལ་སྐུར་བའི་འཕྲིན་ཡིག་འདིར།།
ཨ་ལན་ཚིག་གསུམ་གནང་རོགས་སྙིང་གི་མི།།

སྟོང་འདང་ཁྲོད་ཀྱི་བྱམས་པ།
                             
ནང་གི་སྒོ་ར་གྲུ་བཞི་སྟོང་ཞིང་འཇགས་ལ།།
ལུས་སེམས་འཁྱགས་པའི་བསྡམས་ཀྱང་དཔུང་ཡ་མེད་པས།།
ཟོག་ལུག་རྒྱུ་སྐར་ལྷུང་འདྲའི་རྩྭ་ཐང་དེ་ན།།
རྐང་རྗེས་གངས་ལ་སིམ་པའི་སྙིང་གི་གདུ་བུ།།
ཕྱུག་རྫི་འབྲོག་པའི་བུ་མོའི་རུམ་ཁ་ལོས་དྲན།།

ཁེར་རྐྱང་འཚོ་བ་སྡུག་པོ་ཨ་ཐང་ཆད་པས།།
ཁ་པར་བརྡ་རྟགས་མེད་པའི་རི་གྲོང་དེ་རུ།།
ལྷས་ར་གྲུ་བཞིའི་ལྕི་འདབ་རྒྱབ་ཏུ་ཁུར་བའི།།
འོ་དྲི་མར་དྲི་ཐུལ་བའི་འབྲོག་པའི་བུ་མོ།།
ཐིལ་དཀར་འབྲི་མོའི་རྩེད་ཡ་ཡིད་ལ་ལོས་འཁོར།།

སྣང་སྲིད་འཁོར་བའི་ལ་གཞས་དབྱངས་སུ་འགུག་དུས།།
སེམས་ཀྱི་རྒྱུད་མང་དཀྲོལ་སའི་རྩེད་རོགས་མེད་པས།།
ཆུང་འདྲིས་ན་ཆུང་སྒེག་མོ་མེ་ཏོག་འཐུ་རོགས།།
མཚན་གུང་ཟླ་བ་དཀར་བོ་སྙིང་གཏམ་གློད་རོགས།།
འཛུབ་དཀྲིས་རྟེན་དུ་ཕུལ་སའི་ཁོ་མོ་ངས་དྲན།།

ནུབ་ཁའི་མཚམས་སྤྲིན་དམར་བོའི་ཡོལ་བ་འཐེན་པས།།
མཛའ་མཐུན་ལག་ཟུང་སྦྲེལ་བའི་བུ་དང་བུ་མོའི།།
ཕོ་མོ་ཆ་རུ་སྡེབ་ནས་རང་ཁྱིམ་སྙེགས་དུས།།
མི་རྐྱང་ཤུལ་དུ་ལུས་པའི་མཚན་གུང་དེ་རུ།།
སེམས་སོང་སྙིང་གི་བུ་མོའི་གཞོན་ཤ་ངས་དྲན།།

བཀས་བཅད་མི་ཐེག་དམ་བཅའི་གཉའ་ཤིང་ལྕི་བས།།
ཁ་འཇམ་ཞི་འཇམ་བརྩེ་བའི་འཛུམ་གྱིས་བསུ་བ།།
ཁྲེལ་གཞུང་ཕྱི་ཐག་རིང་བའི་ལྷ་མོ་ཚེ་རིང་།།
བདག་སེམས་མེ་ལོང་ངོས་སུ་ཝ་རེར་འཆར་དུས།།
བྱམས་པ་བརྩེ་འདང་ཅན་པོ་ང་ཡིས་ལོས་གླ྄ེང་།།
                                 ༢༠༡༧/༢/༤ཉིན།

དཔལ་ལྷའི་དུས་ཆེན་ལ་ཕུལ།
                           
ཞེ་འདང་བརྩེ་བརྟན་པའི་དཔལ་ལྷ་དྲག་མོ།།
ལོ་གཅིག་གི་ངང་སྒུག་རེ་བའི་འགྲུབ་དུས།།
ཚེ་གཅིག་གི་སྐྲ་བདག་རྫོང་བཙན་བུ་ལོ།།
ཐུན་གཅིག་ལ་མཇལ་བའི་སྐལ་བཟང་ཉག་ཕྲ།།

རོགས་ཚེ་གྲོགས་དྲན་པའི་སྐྱོ་གདུང་བསམ་ན།།
དཔལ་ལྷ་མོ་ཞེ་མེར་ང་ཡང་སྐྱེས་ཡོང་།།
གཞོན་སྣང་བ་མཐུན་པའི་དགའ་ལོ་འདང་ཆེན།།
དུས་གཅིག་ལ་མ་གཏོགས་འཕྲད་པ་དཀའ་འོ།།

དུས་དེ་དུས་མ་རྫོགས་སྙིང་གཏམ་རུམ་ནས།།
སླར་གྱེས་དགོས་བསམ་ན་ལས་དབང་བསམ་ནག།
མ་འགྲོ་བའི་གཉུག་མའི་འདོད་པར་གཞིགས་ན།།
ལྷ་ཁྱོད་ཀྱང་ཁག་མེད་སྙིང་རྗེ་འདོད་ཀི།།

སྒར་དགོན་པར་གནས་པའི་གྲྭ་བཙན་ཚོགས་ཀྱང་།།
དམ་སྡོམ་པ་བསྲུངས་ཀྱང་འདོད་པ་སྤོངས་མེད།།
མི་ཚང་མ་འདོད་ལྡན་སྐྱེས་བུ་ཡིན་ཕྱིར།།
འདིས་ཚོགས་ཀྱང་ཁག་མེད་སྐྱོད་མེད་ཅི་ཆ།།

དེ་རིང་དྲྭ་ཚོགས་ཚོའི་དཔལ་ལྷའི་དུས་ཆེན་ཟེར་དུས་ངས་ཀྱང་ཐོལ་བྱུང་དུ་ལས་གྲོགས་བུད་མེད་ཚོར་སྦྱར་བའོ།

དྲིན་ཆེན་ཨ་མའི་དགོངས་ཡངས་བརྩེ་བའི་གཟིགས།
                                         
འཇམ་པའི་ངག་དང་བྱམས་པའི་སེམས་ཀྱི་འཚོས།།
མི་གཙང་དྲི་ཆེན་འཛེམ་མེད་ཕྱག་གིས་བླངས།།
བདག་ལ་དྲིན་དུ་ཆེ་བ་ཨ་མའི་དྲིན།།
ཤོག་སྨྱུག་ཟད་ཀྱང་བརྗོད་པར་ག་ལ་ནུས།།

ཚེ་སྔོན་ལས་ཀྱི་རྣམ་སྨིན་སྨིན་གྱུར་ནས།།
མི་ཐེག་བཀའ་བའི་བྱ་ལས་འདིར་འབད་པས།།
ཁྱེད་གཉིས་མ་འོངས་འདུན་མའི་སླད་དུ་ཕྱིར།།
དྲང་གཏམ་ཚིག་གི་མདའ་མོ་ཤོར་ནས་ཐལ།།

ཨ་མའི་འབྲོག་གཤིས་བོར་མེད་མདའ་མོའི་དྲང་།།
བུ་ཡིས་སྐད་ཆ་རྫིག་པོ་ཐོག་ལྟར་ལྷུང་།།
བདེན་པའི་ལུགས་དེ་མ་གསན་ངུས་ནས་ཐལ།།
མིག་ཆུའི་མུ་ཏིག་འཐོར་བ་ག་ལ་བཟོད།།

བུ་ང་གདོན་དུ་མཐོང་བའི་ཡིན་ནམ་ཅི།།
བདག་གི་ཨ་མ་ང་དང་གྱེས་ནས་ཐལ།།
མིག་ཆུ་ཕྱི་བཞིན་གོམ་ཁ་རྒྱང་ལ་འཐེན།།
ངས་ཀྱང་ཨ་མར་ཅེར་ནས་སྐྱེལ་མ་བྱས།།

ཚ་བོ་བསམ་མེད་འདི་གཉིས་སླད་དུ་ཕྱིར།།
ངས་ཀྱང་ཨམ་ཚུགས་བསྡམས་ཏེ་རང་སེམས་གསོས།།
ཚེ་འདིར་ཨ་མའི་ནུ་དྲིན་ཅི་ལྟར་འཇལ།།
དྲིན་ཆེན་ཨ་མའི་དགོངས་ཡངས་བརྩེ་བའི་གཟིགས།།

ཚུར་ཕྱོགས་རེ་བའི་ལྗང་མྱུག་ཚ་བོ་གཉིས།།
ཕར་ཕྱོགས་དྲིན་དུ་ཆེ་བ་ཕ་མ་གཉིས།།
ཕན་ཚུན་འགྲོ་ལུགས་མི་འདྲ་སོ་སོར་གནས།།
ད་ནི་ཅི་བྱ་ང་ནི་སྨྱོས་ནས་ཐལ།།

གནས་འདིའི་སྐྱོངས་ལུགས་ཟུངས་ན་ཕ་མར་འགལ།།
ཕ་མའི་དྲན་ཚུལ་འབྲང་ན་ཁོ་གཉིས་ཚར།།
དེ་རིང་ཨ་མར་ལྡོག་པའི་ཚིག་གི་མདའ།།
ཚ་བོའི་མ་འོངས་འདུན་མའི་ཆེད་དུ་ཡིན།།

ཨ་མའི་མིག་ཆུའི་ཐིགས་པ་འཐོར་བ་འདིར།།
རྗེས་སུ་དྲིན་དུ་གཟོ་བ་ཁྱེད་གཉིས་སོམས།།
སུ་དང་གང་གི་ཁྱེད་གཉིས་བསམ་ཏེ་སྨྱོས།།
སོམས་ཤིག་སོམས་ཤིག་བདག་གི་ཚ་བོ་གཉིས།།

ད་ནི་འགྱོད་ཀྱང་ཨ་མ་བུད་ནས་ཐལ།།
སེམས་པ་འཁྲུགས་ཤིང་སྙིང་གི་འཕར་རྩ་རྒོད།།
ལན་ཆགས་ཚ་བོ་འདི་གཉིས་ག་རེ་བྱེད།།
ཨ་ཐང་ཆད་པའི་བུ་ང་སྨྱོས་ནས་ཐལ།།
           ཧོར༢༠༡༧/༡/༢༦ཉིན།

བདེ་ལེགས་ཀུན་འབྱུང་གི་ནོལ་སྟོན།
                                 
ཚེ་སྲོག་ཆུང་ཆུང་ཞིག་འཇིག་རྟེན་དུ་འཁྲུངས་དུས།།
མ་དང་ཨ་ཕ་ཡི་གཅེས་ལོ་དང་སེམས་པུ།།
འཇིག་རྟེན་མི་ཡུལ་གྱི་བཀྲ་ཤིས་པ་ཡོད་དོ།།
གཅེས་པའི་སེམས་པུ་སྟེ་ཁྱོད་རང་ལ་གསོལ་ཡོད།།

གནམ་ལོ་གསར་ཚེས་ཀྱི་བཀྲ་ཤིས་ཀྱི་ཉི་མ།།
གཅེས་ལོ་ཁྱོད་རང་གི་“ཨ་པར”དེ་ལེན་ཡོང་།།
བདེ་ལེགས་ཀུན་འབྱུང་གི་ཚེ་གཅིག་གི་སྐྲ་ལོ།།
དེ་རིང་ཤེས་རབ་ཀྱི་རལ་གྲིའི་བཞར་བས།།

གཅེས་ལོའི་བློ་རིག་དེ་གློག་ལྟར་རང་མྱུར་ཞིང་།།
སེམས་པུའི་འདོད་དོན་དེ་ཡིད་བཞིན་དུ་འགྲུབ་ཤོག།
བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་གི་སྨོན་ཚིག།
བདེན་པ་བརྗོད་པ་འདིས་སྨོན་ལམ་གྱི་འགྲུབ་ཤོག།

ཨ་ཕའི་གཅེས་ལོ་སྟེ་བཀྲ་ཤིས་ཤིང་ཚེ་རིང་།།
བདེ་ལེགས་ཕུན་ཚོགས་ཀྱི་གཅེས་ལོ་ལགས་དོན་འགྲུབ།།
ང་ཡིས་བདེན་ཚིག་གི་བཀྲ་ཤིས་ཀྱི་སྨོན་ཚིག།
རྩ་རྒྱུད་བླ་མ་ཡིས་ཐུགས་རྗེ་འདིས་འགྲུབ་ཤོག།

ཨ་མའི་བུ་མོ་སེམས་པུ་ཆ་རིས།

ཨ་མའི་སྙིང་གི་བུ་མོ་དོན་གྲུབ་མ།།
དེ་རིང་ལོ་གསུམ་འདས་པའི་སྐྲ་ལོ་འདི།།
ཕ་དང་ཨ་ཁུའི་བརྩེ་བའི་ཕྱག་གིས་ལེན།།
མི་ཚེ་བརྩེ་བའི་ཕྱུག་པའི་བཀྲ་ཤིས་ཤོག།
དེ་རིང་ཁྱོད་ཀྱི་སྐྲ་ལོའི་ཐོག་མ་འདི།།
བྱམས་ལྡན་ཨ་མས་ཁྲུས་གསོལ་ཐེངས་གཅིག་བྱེད།།
མི་ཡུལ་འཇིག་རྟེན་འཚོ་བའི་གྲུ་ཟུར་ནས།།
གཞན་ཕན་བྱམས་པའི་འཚོ་བའི་བཀྲ་ཤིས་ཤོག།
ཨ་མའི་བུ་མོ་སེམས་པུ་ཆ་རིས་མ།།
དེ་རིང་བུ་མོ་ཁྱོད་ཀྱི་༶ཨ་པར་ལེན།།
ཨ་པར་ཤེས་རབ་རལ་གྲིས་ད་རེས་ལེན།།
བློ་དང་རིག་པ་རྒྱས་པའི་བཀྲ་ཤིས་ཤོག།
ཨ་མའི་བུ་མོ་ཚེ་རིང་ལོ་བརྒྱ་མ།།
དེ་རིང་བུ་མོ་ཁྱོད་ཀྱི་ཨ་པར་ལེན།།
ཨ་པར་དགེ་ལེགས་འབྱུང་བའི་གྲི་ཡིས་ལེན།།
ལས་དང་རླུང་རྟ་དར་བའི་བཀྲ་ཤིས་ཤོག།
   ༶ཨ་པར་ཞེས་པ་ནི་ཡུལ་སྐད་ཅིག་སྟེ་འདི་ལ་མནོལ་སྐྲའང་ཟེར་སྲོལ་ཡོད།འདི་ནི་བྱིས་པའི་ལོ་གསུམ་གྱི་སྐྲ་བཞར་སྲོལ་དེ་ད་ལྟའི་ས་ཆ་མང་བོ་ཞིག་ན་འདིའི་སྲོལ་ཡོད།

འཆར་ཀའི་སྒེག་མོ།
                 
མུན་པའི་ཡོལ་བ་འཐེན་ཤུལ་ནས།།
འཆར་ཀའི་སྒེག་མོ་གཅེར་བུ་ཞིག།
ཡུལ་གྱི་གདོང་ལ་འཕྲོས་པ་ན།།
སེམས་པའི་དབང་ཕྱོགས་དབང་མེད་བཀུག།

རེ་ཞིག་ཧད་དེ་ལུས་པའི་ཚེ།།
ཆུང་འདྲིས་ཁོང་ཡང་ཁྲོ་བ་ལངས།།
ཞོགས་པའི་སྒེག་མོ་འཆར་ཀའི་མདངས།།
སོ་སོ་སྐྱེས་བུའི་བློ་བ་འགུལ།།

འཆར་ཀའི་སྒེག་མོ་དམར་སེར་མ།།
གང་གི་གློ་སྙིང་འཕྲོག་པ་ཡིས།།
ལ་ལས་དྲན་པའི་པར་དུ་བསྐྱོན།།
ལ་ལས་ཚོར་བའི་གཟུགས་སུ་ཕབ།།

ཉི་མའི་རྣ་ལུང་མིག་གི་དཔྱིད།།
འཆར་ཀའི་འཕྱོར་མོ་སྙིང་དུ་སྡུག།
བྲེལ་ཟིང་ལས་བྱའི་སྐུལ་བ་ཡིས།།
རེ་ཞིག་འབྲི་མཚམས་འཇོག་དགོས་བྱ།།

                     ༢༠༡༦/༡༡/༡༦ཉིན་ཐོལ་བྱུང་དུ།

ཡུལ་གྱི་དྲན་པ་ཐར་ཐོར།
                               
འཆར་ཀའི་ཉི་གཞོན་ཡུལ་གྱི་གདོང་ལ་འཕྲོས།།
བརྗིད་ཆགས་རི་བོའི་སྨུག་པའི་སྐ་རགས་བཅངས།།
བཞོ་དབྱངས་འཐེན་པའི་འབྲོག་མོ་སླས་ན་འདུར།།
ཞོགས་པའི་མཐོང་སྣང་ཤར་མར་ད་རེས་བྲི།།

སྦྲང་ཆར་བསིལ་མས་ཡུལ་གྱི་ཁ་ལག་བཀྲུས།།
བྱ་བྱིའུ་གསུང་དབྱངས་རྣ་བའི་བུ་གར་ཟུག།
རྫི་བོའི་རི་གླུ་བྲག་ཅའི་གསེང་ལ་ཟུམ།།
ཡུལ་གྱི་མཐོང་ཐོས་སྡེབ་ལེགས་རི་མོར་ཕབ།།

རྒྱུ་སྐར་ལྷུང་འདྲའི་རྟ་ནོར་གང་སར་གདའ།།
བརྒྱད་ལྡན་བཀྲ་ཤིས་མཚོ་མོ་གཡས་སུ་འཁྱིལ།།
འབྲོག་གཤིས་ཡལ་མེད་ཕན་ཚུན་མཐུན་པའི་བརྩེ།།
བདག་གི་ཕ་ས་སྨུག་པོ་རྨ་ཡུལ་རྨད།།

ཡུལ་གྱི་དྲན་པ་ཚིག་གི་གར་དུ་འཁྱུག།
སྣང་བའི་སྙན་ངག་སེམས་ཀྱི་གཞུང་ལ་བཞུར།།
ཡུལ་གྱི་མཛེས་པ་གང་གི་མི་མཚོན་པས།།
དྲན་པ་ཐར་ཐོར་ལ་དགུའི་གཞུང་ལ་འདྲེས།།

                   2016 5 28ཞོགས་པར།


གྲོགས་པོའི་བརྩེ་བ།
                 
སེམས་སོང་ཡིད་འོང་གི་སྙིང་སྡུག།
མཇལ་འཛོམས་སྐལ་བཟང་དེ་ཉག་ཕྲ།།
བློ་སེམས་གཞི་གཅིག་ལ་སྦྲེལ་ཡང་།།
ཚེ་གཅིག་ཟླ་གྲོགས་སུ་འགྱུར་དཀའ།།

དུངས་སེམས་དགུ་མདུད་དེ་མ་ལྷོད།།
བརྩེ་བའི་ཁ་དོག་དེ་འགྱུར་མེད།།
མཉམ་དུ་གནས་དགོས་སུ་མི་འདོད།།
དཔུང་གྲོགས་ཟླ་མེད་དུ་བརྩོན་འདོད།།

ཐུན་གཅིག་རྨི་ལམ་གྱི་དགའ་བདེ།།
སང་ཞོགས་གཏིང་ནད་ཀྱི་སྡུག་བསྔལ།།
དེང་དུས་མི་རྟག་གི་བརྩེ་དུང་།།
ཁོ་བོའི་སྨྲེང་བ་རང་མི་འདུག།

ཚེ་གྲོགས་ཁྱིམ་སྐྱོང་དེ་མི་བྱེད།།
བཅོས་འཛུམ་གཡོ་བརྫུ་དེ་མི་བྱེད།།
རང་རང་སོ་སོ་རུ་གྱེས་ཀྱང་།།
འདང་བརྩེ་ཨ་གསར་རང་མིན་ནོ།།

ལོ་ཟླ་ག་ཙམ་ཞིག་འདས་ཀྱང་།།
སེམས་ཀྱིས་ཁྱོད་ཉིད་ལགས་འཚོས་ཡོད།།
མཉམ་འགྲོགས་ཟླ་ཚང་ལ་མི་སྨོན།།
ཁས་བླངས་དམ་བཅའ་འདི་ལྕི་འོ།།

ཁོ་བོ་ག་དུས་སུ་གནས་ཀྱང་།།
བློ་སེམས་དཀར་བོ་འདི་དཀར་གཙང་།།
འགྱུར་མེད་བརྩེ་བ་འདི་བརྟན་པོ།།
དྭངས་གཙང་ལྷད་མེད་ཀྱི་གྲོགས་འདང་།།

མཛའ་བརྩེའི་འགྱུར་མེད་ཀྱི་བརྩེ་བ།།
ཕོ་མོའི་ལུས་སྦྱོར་དེ་མིན་ནོ།།
དུངས་པའི་ཞེ་སེམས་འདི་འཁྲེང་བ།།
དགའ་བདེའི་སྟངས་སྟབས་དེ་མིན་ནོ།།

འགྱུར་མེད་འདང་བརྩེ་འདི་བརྟན་པ།།
ལྷད་མེད་གྲོགས་པོ་ཡི་འདང་ཡིན།།
ཕྱི་ཐག་ཁྲེལ་གཞུང་འདི་རིང་བ།།
ཟོལ་མེད་གྲོགས་པོ་ཡི་བརྩེ་བ།
༢༠༡༦/༡༡/༥ཉིན

ཐོལ་བྱུང་གི་སེམས་ཚོར།

གསུང་དབྱངས་འཇོལ་མོའི་མགུར་གླུ་རྣ་བར་ཟུག།
གཞུང་རྒྱུད་དྲོད་བལ་འཇམ་པོ་སྙིང་དུ་སྡུག།
སེམས་ཤོར་སྟོད་ཀྱི་སྒེག་མོ་སྙིང་ལ་ཉེ།།
བདག་གི་ཚེ་ཡི་རྟེན་དུ་འཁྲུངས་པར་ཤོག།

ཞི་ཞིང་དུལ་བའི་ཡིད་འོང་གི་བུ་མོ།།
ལས་ཀྱི་འཕྲད་པའི་སྐལ་བཟང་འདི་བཀྲ་ཤིས།།
དེ་རིང་བྲལ་དགོས་སྐྱོ་གདུང་གི་མིག་ཆུ།།
སེམས་ལ་ཟུག་པའི་ན་ཟུག་གི་དངན་པ།།

ལས་ཀྱི་བསྐོས་པའི་འཛོམས་པ་འདི་ཡག་མོ།།
མི་ཤེས་རྨོངས་པའི་བུ་ཆུང་ང་སྙིང་རྗེ།།
མ་བཅོས་སེམས་ཀྱི་སྐད་ཆ་ཡི་ལང་ཚོ།།
ཁྱོད་ལ་མ་ཤོད་སད་སེར་གྱི་བཅོམ་ཉེེན།།

འདི་དང་ཚེ་སྔོན་ལས་སྐལ་དེ་བཟང་བས།།
ཁྱོད་ལ་འཕྲད་པ་བདག་སེམས་ཀྱི་ཚེ་ནོམ།།
ཐེངས་དེར་མཇལ་བ་ལས་འཕྲོ་དེ་ཡིན་འདུག།
ད་རེས་མཇལ་བ་སྐལ་བཟང་དེ་ལེགས་འདུག

ཁྱོད་ལ་མི་ཤེས་རྣམ་རྟོག་དེ་འཁོར་འདུག།
ང་ལ་མི་ཕོད་སྐད་ཆ་དེ་ཁེགས་འདུག།
རང་རང་སོ་སོའི་སེམས་ཁོང་གི་ཚིག་འབྲུ།།
ཅིའི་ཕྱིར་གཅེར་བུ་ཕུད་པ་ལ་བརྩོན་ནམ།།

རི་དང་ཆུ་བོའི་བར་ཐག་དེ་ཆོད་ཀྱང་།།
བདག་སེམས་དུང་བའི་བརྩེ་བ་དེ་འགྱུར་མེད།།
རོགས་དང་རྐྱེན་ལ་ཕན་རེ་བསྒྲུབ་ཐུབ།།
བདག་གིས་དུས་རྒྱུན་འབད་པ་བརྩོན་ངེས།།


ཕ་ཡུལ་གྱི་ཞོགས་པ་དང་ངའི་དྲན་སྣང་།

ཉི་གཞོན་འཆར་ཀའི་མདངས་ལས་རབ་འཕྲོག་པའི།།
ཁྲིམས་ལྡན་ངུར་སྨིག་འཛིན་པའི་བསླབ་གྲྭ་བ།།
ཟབ་མོ་ཆོས་ཀྱི་སྙིང་བོ་གྱེར་བ་ལ།།
བློ་རྩེ་མི་མགུ་བློ་ལྡན་སུ་ཞིག་མཆིས།།

འཆད་རྩོད་ཐོགས་མེད་རྨ་ཆུའི་བཞུར་རྒྱུན་བཞིན།།
དུས་རྒྱུན་སློབ་ལ་བརྩོན་པ་རྗེས་ཡི་རང་།།
རས་རྐྱང་རླུང་ལ་སྤུར་བའི་ཅང་མེད་པ།།
སྣང་བ་སྐྱིད་ཀྱི་གང་བ་སུ་ཡིས་དཔག།

གཞན་དོན་ཁུར་ལེན་རྒྱལ་སྲས་སྟོབས་པོ་ཆེ།།
འཚེ་མེད་ཞི་བདེའི་ལམ་ཞུགས་བྱམས་ཆེན་པོ།།
མདའ་མདུང་མྱི་ཁའི་ཚིག་གིས་མ་ཚུགས་པའི།།
གྲྭ་རྐྱང་ཉམས་ལེན་མཁན་ལ་བདག་ཉིད་འཁྲེང་།།

དུས་ཀྱི་ཟང་ཟིང་བྱ་ཀུན་རབ་སྤོངས་ཏེ།།
ཚེ་གཅིག་ཆོས་ལ་ཕྱོགས་པའི་དམ་ཚིག་པ།།
ཞྭ་སེར་རང་ལུགས་འཛིན་པའི་རྩོད་གྲྭ་བ།།
བསྔགས་བརྗོད་མི་འཐོར་དཔྱོད་ལྡན་ག་ཙམ་གདའ།།

གྲིབ་མ་ནག་རིས།

སྒེའུ་ཁུང་གི་ཕར་རྒྱབ་ཀྱི་གྲིབ་མ་ནག་རིས
ངའི་རྨི་ལམ་གྱི་བསྡུས་གཟུགས་སུ་འཛུལ་དུས
ཕར་རྒྱབ་ཀྱི་གྲིབ་མ་ནག་རིས་འདི་ཐག་ཉེ་ཐག་ཉེ་ཞིག་ནས
ག་ལེར་ག་ལེར་ངའི་སེམས་ཀྱི་ཟབ་སར་འཛུལ་བྱུང

ལོ་ཟླའི་ཡོལ་བ་འཐེན་པའི་ཉིན་མཚན་འཁོར་མོ
གྲིབ་མ་ནག་རིས་འདི་རྟག་བརྟན་གྱི་རི་མོ་བཞིན
ངའི་སེམས་ཀྱི་ཟབ་སར་བརྐོས་དུས
ངས་ད་བཟོད་རང་ཉིད་ཁེར་རྐྱང་མིན་པ་ཚོར

གྲིབ་མ་ནག་རིས
ཁ་དོག་དང་རེག་བྱ་བྲལ་བའི་གྲིབ་མ་འདིས
ཁ་རོག་གེར་ངའི་ལྷིང་འཇགས་དཀྲོགས་དུས
ངའི་རང་ཉིད་ལ་ཁྱོད་ཡོད་པས
འཁོར་འདས་ལ་སྙིང་བོ་ཡོད་པར་རྟོགས་སོང་།

གྲིབ་མ་ནག་རིས
ད་དུང་བྲིས་མི་ཚར་བའི་མི་ཚེ་རིང་མོ་འདིར
ཁྱོད་དང་ལྷན་དུ་གབ་ཚིག་ཅི་ཙམ་བྲི་དགོས་ཨང་་་

ཤོག་སྨྱུག་གི་རྒྱལ་ཁམས་འགྲིམ་པའི་རྩོམ་པ་བོ།


བརྟན་ལྷིང་གི་སྒལ་ཚིགས་ཅན་གྱི་དུག་ལྕེ་ཅན
ཁྱོད་ནི་མུན་ཁྲོད་ན་ལུས་པའི་འོད་ཀྱི་ཕུང་བོ་དཀར་བོ་དེ་ཡིན་པ་བདེན་ན།
ངས་མུན་སེལ་གྱི་སྒྲོན་མེ་དཀར་བོ་ཁྱོད་ལ་བཀྲ་ཤིས་ཀྱི་གཡང་ཞིག་འབོད།

ཨ་མས་བཤད་ན་ཁྱོད་ནི་ཅང་མེད་སྨྱོན་པ་ཞིག་ཡིན་ཟེར།
ཨ་ཕས་ལབ་ན་ཁྱོད་ནི་དེད་དཔོན་ལྷག་བསམ་ཅན་ཞིག་ཡིན་ཟེར།

གང་ལྟར་ངས་མཐོང་ཐོས་ཁྱོད་ནི་བྲིས་མི་ཚར་བའི་བརྗོད་སྙིང་གསོན་པོ་ཞིག་ཡིན་ལ
བཀླགས་མི་ཚར་བའི་གསེར་གྱི་གླེགས་བམ་མཐུག་པོ་ཞིག་ཡིན།


ཤོག་སྨྱུག་ཁོ་ན་ཐོགས་པའི་ཨ་སྐྱོ་བ་ལྷག་བསམ་ཅན།
ཁྱོད་ནི་ཁོ་ར་ཁོར་ཡུག་འདིའི་མགྲིན་ཚབ་པ་ཡིན་པ་བདེན་ན།
ངས་ཁྱོད་ཀྱི་བརྗོད་འདས་ཀྱི་སྨྲ་བ་ཐོགས་པ་མེད་པའི་སྐྱབས་འཇུག་ཞུ

དཀར་བོ་དཀར་རྐྱང་གི་མི་བུ་བདག་མེད་ཁྱོད
དམར་བོ་དམར་རྐྱང་གི་ཅང་མེད་དབུལ་བོ་ཁྱོད

རི་སུལ་འདི་གཉིད་ལ་ཤོར་བའི་སངས་ཞོགས་ནས
ཁྱོད་ནི་བདེན་པའི་ཀི་རིང་འདེབས་མཁན་དེ་ཡིན་པས།
ང་དང་ངའི་འཇིག་རྟེན་ནས་
ཁྱོད་ཁོ་ན་བྲིས་མི་ཚར་བའི་སྙན་ངག་མོད་པོ་ཞིག


ཁོ་ཡིས་ལབ་ན་ཁྱོད་ནི་དེབ་ཐེར་ངོས་ཀྱི་གནའ་མྱི་ཞིག་ཡིན་ཟེར།
མོ་ཡིས་བཤད་ན་ཁྱོད་ནི་འཇིག་རྟེན་བྱེད་པོ་ཡིན་ཟེར།

གང་ལྟར་དེ་རིང་ངས་གསེར་གྱི་རུས་རྐང་ཅན་དེ
རྩོམ་པ་བོ་ཁྱོད་ཀྱི་ཤོག་སྨྱུག་གི་རྒྱལ་ཁམས་བདེ་ལེགས་འགྲིམས་པའི་སྨོན་འདུན་ཞུ།


ཁ་བ་འབབ་བཞིན་འདུག
                   
ཁ་བ་འབབ་བཞིན་འདུག
ངས་རྨི་ལམ་གྱི་ཁ་བ་མཐོང་ཞིང་དེ་རིང་གི་ཁ་བ་མཐོང་།
ཕ་ཡུལ་ཆུང་དྲགས་པའི་ཡིན་ནམ།
དེ་རིང་ཁ་བ་འདིས་ངའི་ཕ་ཡུལ་ཡོངས་སུ་མསྣན་འདུག
ངའི་རྨི་ལམ་ལའང་ཁ་དོག་གཟན་པའི་ཁ་བ་ཞིག་བབས་བྱུང་།

ཝེ         ཁ་བ་འབབ་བཞིན་འདུག
བྱམས་པའི་བློ་སེམས་ཁ་བ་ལས་དཀར་རམ།
ཨ་ཕའི་ལྷག་བསམ་ཁ་བ་ཡིན།
དེ་རིང་ཕ་ཡུལ་ལ་ཁ་བ་བབས་ཤིང་།
མིང་སྲིང་ཚོའི་བློ་ངོར་ལྷབ་ལྷབ་ཏུ་འབབ་བཞིན་འདུག

རྨི་ལམ་གྱི་ཁ་བ་ངའི་སེམས་སུ་ལྷུང་དུས།
ངའི་རྨི་ལམ་གྱི་ཁ་བ་དཀར་བོ་རེད་དམ་ཡང་ན་ནག་པོ།
ཤ་ཉེ་ཚོར་གཉིད་དུ་ཡུར་བའི་རྨི་ལམ་རིང་མོ་འདིར། ཁ་བ་སྟུག་པོ་ཞིག་འབབ་སྲིད།
ཁ་བ་ད་དུང་འབབ་བཞིན་འདུག

ངས་སྙན་ངག་འབྲི་བཞིན་ཐ་སྙད་རེ་རེའི་ལྷུ་རྐང་བསྒྲིགས་བཞིན་ཡོད།
དོ་ནུབ་ཕ་ཡུལ་ལ་ཁ་བ་སྟུག་པོ་ཞིག་འབབ་ངེས།
སང་ཞོགས་ངའི་ལག་ཁྱུ་གང་ཞིག་ལ་འདེད་དགོས་ཨང་།
ཁ་བ་སང་ཉིན་མུ་ནས་འབབ་བམ།

ཁ་བ་ད་དུང་འབབ་བཞིན་འདུག
ངའི་རྨི་ལམ་གྱི་ཁ་བ་དང་ཕ་ཡུལ་གྱི་ཁ་བ
གང་འདོད་འདོད་དུ་བྲི་ཆོག་པའི་ཤོག་དཀར་ལེབ་པོ་དེ་ཨེ་ཡིན།

ཝེ      ཁ་བ་འབབ་བཞིན་འདུག

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/4/14 བལྟ་ཀློག (2599)