4.14ཡུལ་ཤུལ་ས་འགུལ་ལ་རྗེས་དྲན་བྱ་སྟངས་ཤིག

4.14ཡུལ་ཤུལ་ས་འགུལ་ལ་རྗེས་དྲན་བྱ་སྟངས་ཤིག



སྤྱི་ལོ་ཉིས་སྟོང་བཅུ་ཡི་བཞི་གཅིག་བཞི་ཡི་ཉིན། །
ཁམས་སྟོད་ཡུལ་ཤུལ་མི་དམངས་ང་ཚོར་རང་བྱུང་གི །
ཁོར་ཡུག་ཆེན་མོའི་འཇིགས་པས་སྡུག་གི་རབ་མནར་ཚེ། །
འཛམ་གླིང་མི་དམངས་ཀུན་གྱིས་ང་ཚོར་སེམས་ཁུར་བྱས། །

རྒྱུ་འབྱོར་ལྡན་པ་དག་གིས་རྒྱུ་ནོར་ཕངས་མེད་གཏོང་། །
རིས་མེད་ཆོས་རྒྱུད་ཡོངས་ཀྱིས་ཐུགས་སྨོན་སྐྱབས་འཇུག་གནང་། །
ཚུལ་བཞིན་བསམ་གཞིག་གཏོང་ན་འཛམ་གླིང་མི་དམངས་རྣམས། །
ལས་བསྐོས་ཁྱིམ་ཚང་གཅིག་ཏུ་འཛིན་པའི་ཉིན་མོ་ཡིན། །

སྐབས་དེར་གཤིན་པོར་བསྔོ་སྨོན་གནང་ཞིང་གསོན་པོ་ལ། །
བསམ་པ་དཀར་པོས་རང་ནུས་གང་ཅོག་སྒོ་ཀུན་ནས། །
སྒྲུབ་མཁན་གང་དེ་དགོན་པའི་གྲྭ་བཙུན་མ་ཡིན་ནམ། །
དེ་ཕྱིར་གྲྭ་བཙུན་གོང་བཀུར་བྱ་བའི་ཉིན་མོ་ཡིན། །

སྲོག་ལྡན་སྐྱེ་འགྲོའི་གཅེས་པའི་ཚེ་སྲོག་རྟེན་གཞི་ནི། །
རང་བྱུང་ཁོར་ཡུག་ཡིན་པའི་བདེན་དཔང་བྱས་ཡོད་ཕྱིར། །
རྟག་ཏུ་གོ་ལའི་སྐྱེ་ཁམས་སྲུང་སྐྱོང་གལ་ཆེན་དུ། །
ལེགས་པར་འཛིན་ཏེ་སྲུང་སྐྱོང་བྱ་བའི་ཉིན་མོ་ཡིན། །

འདས་གསོན་ཐམས་ཅད་གནས་སྐབས་མཐར་ཐུག་བདེ་བའི་ཆེད། །
བསམ་སྤྱོད་བཟང་པོས་རྣམ་དཀར་བྱ་བ་བཟང་པོ་དག །
རང་ནུས་གང་ཡོད་གང་ཅོག་སྒོ་ནས་དགེ་རྩ་རུ། །
དམ་ཆོས་རྣམ་དག་སྒྲུབ་པའི་ཉིན་མོར་སྲུང་བརྩི་རིགས། །

སྤྱི་ལོ༢༠༡༧ལོའི་ཟླ༤པའི་ཚེས༡༤ཉིན་དུས་དྲན་དུ་སྦྱིན་པས་གང་དྲན་ཤར་མར་བྲིས།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/4/14 བལྟ་ཀློག (2139)