དེ་རིང་དྲན་པའི་མེ་ལོང་།

དེ་རིང་དྲན་པའི་མེ་ལོང་།

                              འབེ་འོད།    (ཞར་བཀོད་གསུམ།)


ཆར་རྡོ་ཡིས་བཅགས་ཟིན་པའི་མེ་ལོང
སུ་ལའང་དབང་ཐབས་མི་འདུག

ཟློས་གར་གྱི་གཤིས་སུ་གྲུབ་པའི་རྨི་ལམ་ཞིག
སྒེའུ་ཁུང་གི་འགྲམ་ནས་ང་རྒྱལ་གྱིས་ཤི་ཟིན

གཞོན་ནུ་མའི་འཐུ་སྣེ་མེ་ལ་བསྲེགས་རྗེས
རྒྱ་སེ་མེ་ཏོག་གི་དྲི་མའི་གཡོ་འཕྲུལ་དེ
སྤོས་ལྡན་གྱི་བར་སྣང་གི་སྨུག་སྤྲིན་དང་བསྡེབས་ནས
ལྷ་སའི་ཕྱོགས་སུ་སྦྲུལ་བཞིན་ནུར

ཕྱི་ནང་མི་གསལ་བའི་ཤེལ་སྒོ་ཞིག
ཉི་ཟླ་རི་བོ་རྩེ་ནས་སུ་རུ་ཟགས་པའི་གཏམ་རྒྱུད་འདི
ཆར་རྡོ་ཡིས་བཅགས་ཟིན་པའི་མེ་ལོང་དང
བསྡུར་ཐབས་ཡེ་ནས་མེད


                               2017-3-20


ཟླ་འོད་འོག་གི་ཕ་ཡུལ།

ཟླ་འོད་འདི    སུ་ཞིག་གིས་བར་སྣང་དུ་བྲིས་པ་རེད
མི་ཡུལ་དུ་སུ་ཞིག་གིས་བཞག་པའི་ལེགས་སྐྱེས་རེད
མཚན་མོར་སྐར་ཚོགས་ཀྱི་ཟློས་གར་བསྐྱུར་ནས
ཕ་ཡུལ་གྱི་མུན་པའི་ཁྲོད་དུ   བསིལ་བསིལ་དུ་ལྷུང་གིན་འདུག

རྫ་ཆུ་སྔོན་མོ་དང   རྫ་རི་བརྗིད་པོ
མཛའ་མོ་སུ་ཞིག་གི་མཆུ་སྒྲོས་མ་རྙེད་པའི་སྐྱེས་པ་བཞིན
ཧད་འདུག་ཚུལ་མཐོང་ན   ཕ་ཡུལ་གྱི་ཡུལ་ལྷ་གཞི་བདག
མཛའ་མོ་སུ་ཞིག་གི་པང་དུ་གཉིད་ཡོད་བསམ་བྱུང

སྐར་མ་ཁྲོམ་ཁྲོམ་འོག་གི་ཕ་ཡུལ
མཛའ་མོ་སུ་ཞིག་བོར་བའི་སྐྱེས་པ་བཞིན
རྫ་ཆུ་སྔོན་མོའི་གྲམ་དཀྱིལ་ན་ཧད་འདུག་ཚུལ་མཐོང་ན
བདག་གི་སེམས་ཁོལ་ན་ཉལ་བའི་ཕ་ཡུལ
ཡུལ་ལྷ་གཞི་བདག་སུ་ཞིག་གི་པང་དུ་གཉིད་ཡོད་བསམ


                                        2017-3-15


སྒེའུ་ཁུང་ནས་མཐོང་བའི་མེ་ཏོག


མིག་ཟུང་མུན་ནག་གིས་ཟོས་ཟིན
རྣ་བ་འདུ་འཛི་ཡིས་བཅོམ་ཚར
ཁ་ཕྱོགས་མ་ངེས་པའི་དགོང་མོ་དེར
སྒེའུ་ཁུང་ནས་མཐོང་བའི་མེ་ཏོག
མུན་ནག་དང་འདུ་འཛི་ལ་འཐིམ་པའི་རླུང་བུས
རྒྱང་རིང་ལ་འཁུར་སོང

རླུང་བུས   རྨི་ལམ་གྱི་བང་རིམ་གཏོར་ཏེ
ས་རུ་འབྱར་བའི་མེ་ཏོག་གི་ལོ་མ
གླག་གིས་ལུ་གུ་འཁྱེར་པ་བཞིན
བར་སྣང་ནས་བར་སྣང་དུ་འཁྱེར་ཏེ་བོར་སོང

ཡག་ཤོས་བྱུང་ན   རླུང་བུ་མྱུར་དུ་གཟིམས་རོགས
ཡག་ཤོས་བྱུང་ན    རླུང་བུ་རྒྱང་དུ་ཕེབས་རོགས

                                           2017-3-21

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/4/29 བལྟ་ཀློག (2343)