རི་སུལ་དབུས་མའི་མགུར་ཆུང་།

རི་སུལ་དབུས་མའི་མགུར་ཆུང་།

རྨོག་ཐང་དཀར།

མི་ཕྱེད་ཕྱག་མཚན་བརྒྱད་དང་བརྒྱ་ཡི་དབུས།།
འོད་དང་ཐེག་ལེ་ཇི་སྙེད་མཚན་ལམ་བསྲེས།།
རོལ་དབྱངས་ཉན་པར་དགྱེས་པའི་དྲི་ཟའི་སྐད།།

ཕྱི་ནང་གསང་བ་གཅིག་གྱུར་ཨ་ཧོ་རྨད།།

ཕ་གིའི་མཐོང་བའི་རི་དང་མཚོ་རྣམས་སུ།།
སྲིད་པ་རྒན་པོའི་ལུགས་ཀྱི་གཏམ་སྲོལ་ཀུན།།
ཕྱྭ་གཡང་དུང་གི་རུ་མ་འཇོ་དང་ལྷན།།

མཆོད་གསུམ་དད་པའི་མེ་ལྕེ་རླབས་ཀྱིས་མཆེད།།

གསང་གསུམ་སྒྱུ་འཕྲུལ་ཕོག་པའི་གོང་བུ་རུ།།
ཤེས་རབ་གློག་ཞགས་འཁྱུག་པའི་རྣོ་ངར་ལྡན།།
སྙིང་དབུས་ཨུཏྤལ་འདབ་མའི་དཀྱིལ་འཁོར་ལ།།
བཅོམ་ལྡན་ལང་ཚོའི་འཛུམ་དཔལ་བཞད་པ་དེས།།
ཐོས་པའི་དྲིལ་སྐད་སྒྲོག་ཅིང་ང་རོ་ཡིས།།
རྟེན་འབྲེལ་མཚན་གྱི་ངེས་ལེགས་ཐུགས་སུ་ཆུད།།
ཤིང་དྲུང་དབུས་ཀྱི་ཏིང་འཛིན་རི་མོ་པས།།
ལུས་ཀྱི་གཞོགས་ཕྱེད་མི་སྡུག་རང་བཞིན་ལྟ།།
གང་ཞིག་སྒྱུ་མའི་ཕོ་བྲང་དག་ཏུ་ནི།།
ལས་དང་སྨོན་ལམ་བཏབས་པའི་རྒྱུ་མཐུན་དུ།།
མོས་སྣང་ཆོས་ཀྱི་རྗེས་སུ་འབྲངས་ཙམ་གྱིས།།
འཁོར་འདས་རུ་ཤན་ཆོས་ཀྱི་སྙིང་བོ་རྙེད།།
ཟབ་ཅིང་རྒྱ་ཆེའི་གཞལ་བྱའི་ཕུང་པོ་རྣམས།།
མཐུ་སྟོབས་སྙེམས་པའི་རིག་འཛིན་ཟློས་གར་གྱིས།།
རྒྱ་ཆེན་འདོམས་མཛད་རལ་གྲི་འཆང་བ་དེས།།
དངོས་གྲུབ་མེ་ཏོག་སྣང་བ་ཆར་དུ་བསྙིལ།།
དུས་གསུམ་སྲིད་པའི་སྒྲུང་ལ་མཉན་པ་ཡིས།།
གངས་ཅན་དབུ་གསར་བརྙེས་པའི་ལམ་དུ་བགྲོད།།
མུན་པའི་རྫིང་བུར་བཏབས་པའི་སྙིགས་ལོ་ཀུན།།
ཏིང་འཛིན་བདེ་གཤེགས་ཉིད་ཀྱི་བག་ལ་འཁུམ།།
དབེན་སིམ་ཆིག་རྐྱང་གནས་པའི་ཤིང་སྡོང་ལ།།
སྣང་སྟོང་ཀུན་མཉམ་ལྟ་བའི་གྲུབ་པ་ཐོབ།།
མག་མོག་ཟླ་བའི་འོད་ལ་ཆགས་པ་དང་།།
ཕྱེ་ལེབ་བུ་མོའི་དཔུང་བར་ལྡང་བ་དག།
གཟུང་འཛིན་དབྱེར་མེད་འགག་པའི་འཆིང་གྲོལ་གྱིས།།
སྣང་བའི་གད་རྒྱངས་སྤྲོས་པའི་ལྟས་སུ་མཚར།།

༢༠༡༧ ལོའི་ཟླ་དང་པོའི་ཚེས་བདུན་ལ་བཀྲ་ཤིས་ཆོས་སྡིངས་གཡས་འཁྱིལ་དུ་སྦྱར་བའོ།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/4/29 བལྟ་ཀློག (2264)