ཁྲིད་བཤད་དང་ཟིན་བྲིས། སློབ་ཁྲིད། ཁྲིད་ཉན། ཉན་དཔྱོད་བཅས་ཀྱི་ཁྱད་པར་དང་འབྲེལ་བ།

༄༅།།ཁྲིད་བཤད་དང་ཟིན་བྲིས། སློབ་ཁྲིད། ཁྲིད་ཉན། ཉན་དཔྱོད་བཅས་ཀྱི་ཁྱད་པར་དང་འབྲེལ་བ།

ཀྲིན་ཅེན་ཀྲུའུ་ཡིས་བརྩམས།

ཆོས་ཀྱི་ཟླ་བས་བསྒྱུར།

དང་པོ།   ཁྲིད་བཤད་དང་ཟིན་བྲིས།

     ཁྲིད་བཤད་དང་ཟིན་བྲིས་ལ་འབྲེལ་བ་ཟབ་ཅིང་ཁྱད་པར་ཆེ།     སློབ་ཁྲིད་དམིགས་ཡུལ་ལ་གཞིག་ནས་བཤད་ན་དེ་གཉིས་ཀ་སློབ་ཁྲིད་ལེགས་པོ་ཞིག་ཡོང་རྒྱུའི་ཆེད་དུ་ཡིན་ལ། ཁྲིད་བཤད་དང་ཟིན་བྲིས་གཉིས་ཀས་ཁྲིད་དེབ་ཀྱི་ནང་དོན་དང་དཀའ་གཙོ་གནད་ལ་བྱང་ཆ་ལྡན་པ།  སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་ཞིང་ཡང་དག་པའི་སློབ་ཁྲིད་ཐབས་ལམ་གྱིས་འབྲས་ལེགས་དཔེ་ཁྲིད་གྲུབ་འབྲས་ལོན་པར་རེ་བ་འདོན་གྱིན་ཡོད།  

     ནང་དོན་གྱི་ཆ་ནས་ཁྲིད་བཤད་དང་ཟིན་བྲིས་གཉིས་ཀའང་ཁྲིད་དེབ་དང་འབྲེལ་འདུག་པ་འདྲ་མོད། དེ་གཉིས་ཀྱི་གཙོ་གནད་དུ་འཛིན་ཡུལ་མི་འདྲ་སྟེ། ཟིན་བྲིས་ཀྱིས་སློབ་ཐུན་དཔེ་ཁྲིད་སྐབས་ཀྱི་སློབ་ཁྲིད་ཀྱི་ནང་དོན་དང་ཁྲིད་ཐབས། ལག་ལེན་གྱི་ནུས་པ་བཅས་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་བཞིན་ཡོད་ལ། ཁྲིད་བཤད་ཀྱིས་གོང་གསལ་གྱི་གནད་དོན་དག་ལ་ཞིབ་འཇུག་བྱེད་དགོས་པ་མ་ཟད་བྱེད་ཐབས་དེ་དག་སྤྱད་པའི་རྒྱུ་མཚན་ལ་སློབ་གསོའི་གཞུང་ལུགས་ལ་འཇུག་པ་ཡངས་པོས་ཞིབ་འཇུག་བྱེད་དགོས། དེ་ནི་ཁྲིད་བཤད་ཀྱི་སྲོག་རྩ་ལྟ་བུ་ཡིན།  ཡང་གཅིག་བཤད་ན་སློབ་ཁྲིད་ཀྱི་དམིགས་ཡུལ་ཞིག་ལ་བཀོལ་བའི་ཁྲིད་ཐབས་དང་ལག་བསྟར་གྱི་བྱེད་ཐབས་ལ་གཞུང་ལུགས་གཞིར་བཟུང་སྟེ་གསལ་བཤད་བྱེད་དགོས་ན་དེ་ཡིན།  ཁྲིད་བཤད་ཀྱི་རེ་བ་ནི་དགེ་རྒན་གྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དགོས་པ་དེ་ཡིན་ལ་སློབ་ཁྲིད་ཀྱི་དམིགས་ཡུལ་སོགས་དེ་ལྟར་དུ་བཀོད་སྒྲིག་བྱས་པའི་རྒྱུ་མཚན་དེ་གཞུང་ལུགས་ཀྱིས་ཞིབ་པར་བཤད་དགོས་སོ།།

     ཁྲིད་བཤད་དང་ཟིན་བྲིས་གཉིས་ཁ་གཏད་ཡུལ་གྱི་ངོས་ནས་རྦད་དེ་མི་འདྲ་བས་ཁྲིད་བཤད་ཀྱི་ཉན་མཁན་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ལས་གྲོགས་སོགས་ཡིན་ཞིང་ཁྲིད་བཤད་པའི་ཁྲིད་བཤད་ལ་རང་གི་མཉམ་མྱོང་ངོ་སྤྲོད་དང་བགྲོ་གླེང་གི་ངོ་བོ་ལྡན་པས། དགེ་རྒན་ལ་གཞུང་ལུགས་ཀྱི་རེ་བ་ཅུང་མཐོན་པོ་བཅིངས་ཡོད།  ཟིན་བྲིས་ཀྱི་ཞབས་ཕྱི་བྱ་ཡུལ་སློབ་མ་ཡིན་པས་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་སློབ་མར་ཤེས་བྱ་ཁྲིད་པའི་འཐུས།དགེ་རྒན་གྱིས་སློབ་མ་ལ་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ། སློབ་གསོའི་དམིགས་ཡུལ་འབྲེལ་བའི་རིག་པའི་གཞུང་ལུགས་གང་ཡང་སྤྲོ་མི་འོས།

     ད་དུང་ཟིན་བྲིས་ནི་ཁྲིད་བཤད་ཀྱི་དབྱེ་ཞིབ་བྱ་ཡུལ་ཡིན་པས་ནང་དོན་གྱི་ཁྱབ་རྒྱ་ཧ་ཅང་ཆེ།  སློབ་ཁྲིད་ཇུས་འགོད་དང་ཟིན་བྲིས་ཀྱི་བསམ་གཞིགས་བཤད་པ་སོགས་ཚང་མ་ཁྲིད་བཤད་ཀྱི་ཁྱབ་ཁོངས་ཡིན་པས་དགེ་རྒན་གྱི་ཟིན་བྲིས་ཀྱི་སྤུས་ཚད་ཇེ་ཡག་ཏུ་གཏོང་བར་ཕན་པ་མི་དམན་ཞིག་ཐོན་གྱི་ཡོད།    ཁྲིད་བཤད་ཀྱི་བྱ་འགུལ་བརྒྱུད་དེ་དགེ་རྒན་གྱི་སློབ་ཁྲིད་ཀྱི་ནང་དོན་དང་བྱེད་ཐབས་ཀྱི་ཕྱོགས་ལ་སྔར་ལས་ལྷག་པའི་བསམ་གཞིགས་ཞིབ་མོ་བྱེད་པར་ཁྲིད་སྟོན་ཐུབ་ངེས་ཡིན། དེ་ལ་བརྟེན་ནས་དགེ་རྒན་གྱི་ཟིན་བྲིས་སྤུས་ཚད་སྔར་ལས་ལྷག་པར་ཡར་རྒྱས་ཡོང་སྲིད།

     གོང་གི་གོ་དོན་དག་དང་འབྲེལ་ན་ཁྲིད་བཤད་མ་ཕྱི་དང་ཁྲིད་ཡིག(教案)གཉིས་ཐ་དད་ཡིན་པ་ཤེས་སླ་ཞིང་ཁྲིད་བཤད་ནི་ཁྲིད་ཡིག་གི་བསྐྱར་ཟློས་ཤིག་མིན་པའང་ཤེས་དགོས།  ཁྲིད་བཤད་ཀྱི་མ་ཕྱི་ནི་རང་གིས་སློབ་དེབ་ལ་ལྟ་ཀློག་དང་བསམ་གཞིགས། ཞིབ་དཔྱོད་བཅས་བྱེད་པ་ལ་བརྟེན་ནས་བྲིས་ཤིང་རིང་ཐུང་འོས་འཚམས་དགོས་ལ་དུས་ཚོད་སྐར་མ༡༠ནས༢༠བར་ཡིན་དགོས། ཁྲིད་ཡིག་ཏུ་ཁྲིད་ཐབས་ཙམ་མ་གཏོགས་བཤད་མེད་པས་ཁྲིད་བཤད་ཀྱི་གཙོ་གནད་ནི་དེ་ལྟར་དུ་ཁྲིད་པའི་རྒྱུ་མཚན་བཤད་རྒྱུ་དེ་ཡིན། ཁྲིད་ཡིག་ནི་ཟིན་བྲིས་ཀྱི་བསམ་གཞིག་གི་གོ་རིམ་གྱི་སྤྱི་སྡོམ་དང་སློབ་ཁྲིད་ཀྱི་བྱ་བྲག་གི་བརྒྱུད་རིམ་འཁོད་པ། དགེ་རྒན་གྱིས་སློབ་ཁྲིད་བྱེད་པར་བཀོལ་སྤྱོད་རང་བཞིན་གྱི་འཆར་གཞི་ཞིག་ཡིན། དེས་གཙོ་བོ་སློབ་ཁྲིད་ཀྱི་ཁྲིད་བྱའི་ནང་དོན་དང་ཁྲིད་ཐབས་གཏན་འབེབས་བྱེད་པ་དེ་ཡིན།

     ཁྲིད་བཤད་ནི་དམིགས་གཏད་རང་བཞིན་གྱི་གཞུང་ལུགས་ལྡན་པའི་ཞིབ་བཤད་དང་ཁྲིད་སྟོན་གཙོ་གནད་དུ་བཟུང་པ་ཞིག་ཡིན་པས། དེ་ལ་ཁྲིད་ཡིག་གི་ཉིང་བཅུད་འདུས་པ་མ་ཟད་དགེ་རྒན་གྱི་སློབ་ཁྲིད་བསམ་བློ་དང་དགོངས་འདུན། བསམ་གཞིག་གི་ནང་སྙིང་དག་མཚོན་པའམ་མངོན་རྒྱུ་དེ་གཙོ་བོ་ཡིན།  སླ་མོར་བཤད་ན་ཁྲིད་བཤད་ཀྱིས་སློབ་ཁྲིད་དང་སློབ་སྦྱོང་གི་ནང་དོན་ཞིབ་མོ་ཞིག་བཤད་དགོས་པ་མ་ཟད་ཆེས་གལ་ཆེ་བ་ནི་ལག་ལེན་དང་གཞུང་ལུགས་ཟུང་དུ་འབྲེལ་ཏེ“དེ་ལྟར་དུ་ཁྲིད་པའི་རྒྱུ་མཚན”བཤད་རྒྱུ་དེ་ཡིན།  ཁྲིད་བཤད་ནི་ཁྲིད་ཡིག་ལས་གཏིང་ཟབ་ཅིང་རྒྱ་ཆེ་བ་དང་ཕྱོགས་འདུས་རང་བཞིན་ལྡན་པ་ཞིག་ཡིན་དགོས་སོ།།


གཉིས་པ། ཁྲིད་བཤད་དང་སློབ་ཁྲིད།  

     དགེ་རྒན་རེ་ཟུང་གིས་ཁྲིད་བཤད་ནི་སློབ་ཁྲིད་ཀྱི་བསྐྱར་ཟློས་ཀྱི་གོ་རིམ་ཞིག་ལ་ངོས་བཟུང་སྟེ་ཤེས་བྱའི་དཀའ་གནད་ཁྲིད་པ་དང་དཔེ་དེབ་དབྱེ་ཞིབ། ཁྲིད་ཆས་ཀྱི་འཕེལ་རིམ་གསལ་སྟོན། སྒོ་སམ་འཆར་འགོད་དེ་སློབ་མ་རྣམས་ལ་ཁྲིད་པའི་ཤེས་བྱ་དག་འགྱུར་བ་མེད་པར་སྨྲ་བརྗོད་དག་མོའི་སྒོ་ནས་ལས་གྲོགས་སམ་ཆེད་མཁས་པར་བཤད་རྒྱུ་ཡིན་པར་འདོད་ཀྱི་ཡོད་མོད།  དེ་ནི་ཁྲིད་བཤད་དང་སློབ་ཁྲིད་ཀྱི་ཁྱད་པར་དང་གོ་དོན་མ་ངེས་པའི་སྐྱོན་ཡིན་པས།  དགེ་རྒན་ཞིག་ལ་མཚོན་ན་ཁྲིད་བཤད་ནི་རང་ཉིད་ཀྱི་སློབ་ཁྲིད་ཀྱི་རིག་ལམ་དང་བསམ་བློ་གཏོང་ཕྱོགས་བཅས་གསལ་བར་བཤད་དགོས་ཏེ་ཁྱོད་ཀྱི་སློབ་ཁྲིད་འཆར་འགོད་ཅི་ལྟར་བཟོས་ཚུལ་དང་དེ་ལྟར་དུ་བཟོས་པའི་དགེ་མཚན་རྣམས་གཞུང་ལུགས་ཀྱི་གཞི་འཛིན་ས་གང་ཡིན་པ། སློབ་ཁྲིད་དམིགས་ཡུལ་གང་འདྲ་ཞིག་ལ་ཐོན་དགོས་པར་སྔོན་བཤད་བྱེད་པ་བཅས་ལ་ཟེར།  དཔེར་ན་བཟོ་གྲྭ་ཆེད་མཁས་པ་ཞིག་གིས་ལག་བསྟར་བྱས་འཐུས་ཀྱི་སྙན་ཞུ་འབུལ་བ་དང་འདྲ་བས་བཟོ་གྲྭའི་ལག་ལེན་གྱི་སྔོན་འགྲོའི་གོ་རིམ་ཞིག་ཡིན་པ་ངེས་དགོས།

     བྱེ་བྲག་ཏུ་ཁྲིད་བཤད་དང་སློབ་ཁྲིད་གཉིས་ཀྱི་ཁྱད་པར་བརྗོད་ན།  ༡དམིགས་ཡུལ་གྱི་ཁྱད་པར།  སློབ་ཁྲིད་ཀྱི་དམིགས་ཡུལ་ནི་དཔེ་དེབ་ཀྱི་ཤེས་བྱ་སློབ་མའི་ཤེས་བྱ་རུ་བསྒྱུར་ཏེ་ནུས་པ་སྐྱེད་སྲིང་དང་བསམ་བློའི་སློབ་གསོ། སློབ་སྦྱོང་ཐབས་ལམ་བཅས་ཁྲིད་དགོས་པ་དང་ཁྲིད་བཤད་ནི་ཉན་མཁན་ལ་སློབ་ཁྲིད་འཆར་འགོད་ཀྱི་རིག་ལམ་དང་བསམ་བློ་གཏོང་ཕྱོགས། ཟིན་བྲིས་ཀྱི་ལྐོག་གྱུར་གྱི་བསམ་གཞིག་གི་གོ་རིམ་རྣམས་གཞུང་ལུགས་ཀྱི་རྒྱབ་རྟེན་ལ་གཞི་བཅོལ་ཏེ་གསལ་བར་བཤད་དགོས།   ༢ནང་དོན་གྱི་ཁྱད་པར།  སློབ་ཁྲིད་ཀྱི་ནང་དོན་ནི་ཤེས་བྱ་གང་ཞིག་ཁྲིད་པ་དང་ཅི་ལྟར་ཁྲིད་པ་དེ་ཡིན་ཞིང་ཁྲིད་བཤད་ཀྱི་ནང་དོན་ནི་གོང་གི་ནང་དོན་དག་བཤད་དགོས་པ་མ་ཟད། ད་དུང་དེ་དག་གི་རྒྱུ་མཚན་དང་གནས་ལུགས་ཀྱང་བཤད་དགོས། ༣ ཁ་གཏད་ཡུལ་གྱི་ཁྱད་པར།  སློབ་ཁྲིད་བྱ་ཡུལ་ནི་སློབ་མ་ཡིན་ལ། ཁྲིད་བཤད་བྱ་ཡུལ་ནི་མགོ་ཁྲིད་དམ་ལས་གྲོགས། ཆེད་མཁས་པ། དཔྱད་འདེམས་པ་བཅས་ལས་གང་རུང་ཡིན།  ༤བྱེད་ཐབས་ཀྱི་ཁྱད་པར། སློབ་ཁྲིད་ནི་ཀློག་འདོན་དང་འགྲེལ་བཤད། གྲོས་བསྡུར། སྦྱོང་བསྡུར་སོགས་བྱེད་ཐབས་སྣ་མང་ཞིང་ཚད་བཀག་མེད་པའི་དགེ་སློབ་ཀྱི་བྱེད་སྒོ་ཞིག་ཡིན་ལ། ཁྲིད་བཤད་ནི་དགེ་རྒན་རང་ཉིད་ཀྱིས་འགྲེལ་བཤད་ཅིག་གམ་གསལ་བཤད་ཅིག་ཡིན།  

     ཁྲིད་བཤད་ལ་ཉན་མཁན་གྱི་མི་གྲངས་དང་ས་གནས། དུས་ཚོད་བཅས་ལ་ཚད་བཀག་མེད་ཅིང་སློབ་ཁྲིད་ལ་ཚད་བཀག་ནན་མོ་ཡོད།  ཁྲིད་བཤད་ནི་སློབ་ཁྲིད་ཞིབ་འཇུག་ལ་གཏོགས་ཤིང་སློབ་ཁྲིད་ནི་སློབ་ཐུན་དངོས་འཇུག་པས་ཁྱབ་ཁོངས་ཀྱི་ཁྱད་པར་ལྡན། ད་དུང་ཁྲིད་བཤད་ནི་སློབ་གསོའི་གཞུང་ལུགས་ཀྱི་རྣམ་བཤད་ཅིག་དང་གསལ་འགྲེལ་ཞིག་ཡིན་ལ། སློབ་ཁྲིད་རྨང་གཞིའི་ཁག་ཐེག་ཅིག་ཀྱང་ཡིན། སྤྱིར་བཏང་དུ་བཤད་ན་ཁྲིད་བཤད་བཟང་ངན་གྱིས་དགེ་རྒན་ཞིག་གི་སློབ་ཁྲིད་སྤུས་ཀ་ཚད་འཇལ་བྱེད་པ་མ་ཟད། དེའི་སློབ་གསོའི་ཆུ་ཚད་དང་སློབ་ཁྲིད་ཞིབ་འཇུག་གི་ནུས་པའང་མཚོན་ཐུབ་པ་ཡིན།  


གསུམ་པ།  ཁྲིད་བཤད་དང་ཁྲིད་ཉན།

     ཁྲིད་བཤད་ནི་སློབ་ཁྲིད་དགེ་རྒན་གྱིས་སློབ་ཁྲིད་འཆར་འགོད་དང་འབྲེལ་ཡོད་ཀྱི་བྱེད་སྟངས་ལ་འགྲེལ་བཤད་དང་གསལ་བཤད་བྱེད་རྒྱུ་ཡིན་ལ་ཁྲིད་ཉན༼ སློབ་ཁྲིད་ལ་ཉན་པ ༽ནི་སློབ་ཁྲིད་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་པ་དེ་ཟིན་ཐོ་རུ་འགོད་པ་ཞིག་ཡིན།  དེ་གཉིས་ལ་ལག་ལེན་ཀྱི་བྱེད་པོ་དང་ནང་དོན། དམིགས་ཡུལ་བཅས་ཀྱི་ཕྱོགས་ནས་ཁྱད་པར་ཆེན་པོ་ཡོད།

སློབ་ཁྲིད་ལ་ཉན་མཁན་གྱིས་སློབ་ཁྲིད་དགེ་རྒན་གྱི་ཁྲིད་བཤད་ཀྱི་ལེགས་ཉེས་ཐོབ་ཤོར་དང་ཁྲིད་བཤད་དང་སློབ་ཁྲིད་ལ་འགལ་འདུ་ཡོད་མེད། ཁྲིད་བཤད་ཀྱི་སྤུས་ཚད་དང་ཞིབ་ཚགས་གང་ཞིག་སྣང་མེད་དུ་བཞག་པའི་གནད་དོན་གནས་མིན་བཅས་ལ་ལྟ་ཞིབ་གཟབ་ནན་བྱས་ཏེ་ཟིན་ཐོ་ཞིབ་མོ་འགོད་དགོས་པ་ཞིག་ཡིན། དེ་ནི་སློབ་ཁྲིད་ལ་ཉན་མཁན་གྱིས་ངེས་པར་དུ་འགྲུབ་འོས་ཤིང་སྒྲུབ་དགོས་པ་ཞིག་ཡིན།

     སློབ་ཁྲིད་མ་ཉན་སྔོན་ལ་གྲ་སྒྲིག་ཀྱང་འོས་འཚམས་དགོས་ཏེ། མ་མཐའ་ཡང་སློབ་དེབ་ནང་དོན་ལ་རྒྱུས་ལོན་ཙམ་བྱེད་དགོས་པ་མ་ཟད། དུས་མཚུངས་སུ་རང་ཉིད་སློབ་ཚན་འདི་ཁྲིད་མཁན་ཡིན་ན་ཅི་ལྟར་ཁྲིད་པའི་བློ་བཟོ་ཞིག་དང་།  རབ་ཡིན་ན་སློབ་ཁྲིད་འཆར་འགོད་ཞིག་བཟོས་ན་སློབ་ཁྲིད་ཉན་སྐབས་བསྡུར་ཡུལ་ལམ་ཆ་རྒྱུས་ཡོད་པ་ཞིག་ཡིན་དགོས།     སྤྱིར་སློབ་དཔྱོད་བྱ་འགུལ་ལ་ཞུགས་ཚེ་སྔོན་ནས་རིག་པའི་གཞུང་ལུགས་ལ་ལྟ་ཀློག་དང་བརྩོན་ཞིབ།  མི་གཞན་ལ་ཁྲིད་པར་ཞུ་བ། ཡང་ན་རང་གིས་བཀླགས་ཟིན་པ་དག་ལ་བསམ་གཞིག་བྱས་ནས་རང་ཉིད་དང་རིག་གཞུང(学术)གི་བར་ཐག་ཇེ་ཉེ་རུ་བཏང་སྟེ་གཞུང་ལུགས་ལ་རྒྱུས་མངའ་ལྡན་དགོས་པ་མ་ཟད་མིག་རྒྱང་རིང་ཞིང་བློ་ཁོག་ཡངས་དགོས།   དེ་ལྟར་ཡིན་ན་རང་ཉིད་ལ་ཐོབ་བྱ་མང་ངེས་ཡིན།

     སློབ་ཁྲིད་ལ་ཉན་སྐབས་དགེ་རྒན་གྱིས་ཁྲིད་པར་དོ་ཁུར་བྱེད་དགོས་པ་མ་ཟད་སློབ་མས་སློབ་པར་ལྷག་ཏུ་དོ་ཁུར་བྱ་དགོས།  ཉན་མཁན་གྱིས་དགེ་རྒན་གྱིས་སྣེ་ཁྲིད་འོག་ནས་སློབ་མ་དུས་ལྟར་སློབ་སྦྱོང་གི་ནང་དུ་ཞུགས་ཀྱིན་ཡོད་མེད་དང་ནམ་རྒྱུན་སློབ་ཁྲིད་བྱ་འགུལ་ཁྲོད་ཀྱི་ཡིད་ཉམས་ཀྱི་སྣང་ཚུལ། སློབ་མ་བསམ་གཞིག་ལ་སྤྲོ་མིན། གྲོས་བསྡུར། རྩོད་པ། ལག་ལེན་བྱེད་སྟངས། སློབ་མས་ནམ་རྒྱུན་རང་འགུལ་གྱིས་གནད་དོན་དང་དྲི་བ་འདོན་གྱིན་ཡོད་མེད། སེམས་ཁམས་དང་གོམས་གཤིས་སོགས་ལ་དོ་ཁུར་དང་ལྟ་ཞིབ་བྱེད་དགོས།  སློབ་ཁྲིད་ནི་སློབ་སྦྱོང་གི་བྱ་འགུལ་ཞིག་ཡིན་པས་ངོ་བོའི་ཆ་ནས་སློབ་པ་གཙོ་བོར་འཛིན་ཡོད། དགེ་རྒན་གྱིས་བྱེད་སྒོ་དེ་སྤེལ་བར་སློབ་མའི་སློབ་སྦྱོང་གི་ཆེད་ཡིན་པས་ཁྲིད་པ་དང་སློབ་པ་ཟུང་འབྲེལ་གྱི་བྱེད་སྒོའི་ཁྲོད་དུ་སློབ་མའི་སློབ་སྦྱོང་གི་བྱེད་སྒོ་ལ་དོ་སྣང་གཟབ་མོ་བྱེད་དགོས།

     ཁྲིད་ཉན་སྐབས་སུ་གཟབ་ནན་གྱིས་ལྟ་ཞིབ་དང་ཟིན་ཐོ་འགོད་པ། ད་དུང་བསམ་བློ་གཏོང་དགོས།  སློབ་ཁྲིད་ཀྱི་སྐད་ཆ་དང་རྣམ་འགྱུར་གྱི་ཞིབ་ཆ་བཟུང་སྟེ་སློབ་ཁྲིད་ཀྱི་གནད་འགག་དག་གི་སློབ་ཁྲིད་བྱེད་ཐབས་ཟིན་ཐོ་རུ་འགོད་དེ་ཕྱོགས་གཅིག་ནས་ལྟ་ཞིབ་དང་གཅིག་་ནས་བསམ་གཞིག་བྱེད་དགོས།   གལ་ཏེ་ཆ་རྒྱུས་ཡོད་པའི་དགེ་རྒན་དང་འཛིན་གྲྭ་ཞིག་ཡིན་ན་སློབ་ཐུན་ཁྲོད་ཀྱི་སློབ་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བྱེད་པའི་གནས་ཚུལ་ལ་གཙོ་བོ་དབྱེ་ཞིབ་བྱེད་དགོས།    དེ་མིན་སྤྱིར་བཏང་གི་སློབ་ཁྲིད་ཞིབ་འཇུག་ཡིན་ན་ཞིབ་འཇུག་ཁ་ཕྱོགས་ཀྱི་གྲུབ་འབྲས་གཙོ་གནད་དུ་བཟུང་དགོས།  དེ་མིན་མིང་གྲགས་ཅན་གྱི་ཆེད་མཁས་པའི་སློབ་ཁྲིད་ཡིན་ན་སློབ་ཁྲིད་ཉམས་འགྱུར་དང་འོས་མཐུན་གྱི་རིག་གཞུང་བསམ་བློའི་མངོན་ཚད་གཙོ་བོར་བཟུང་དགོས།   ཡང་གཅིག་སྤྲོས་ན། སློབ་ཁྲིད་ཉན་པར་སློབ་ཁྲིད་འཆར་འགོད་དང་སློབ་ཁྲིད་བྱེད་ཐབས། སློབ་སྦྱོང་བྱེད་ཐབས་མཛུབ་སྟོན་བཅས་གཙོ་བོར་བཟུང་ནས་སློབ་ཁྲིད་ཀྱི་གོ་རིམ་དང་རང་ཉིད་ཀྱི་མྱོང་སྣང་ཟིན་ཐོ་ཞིབ་རྒྱས་ཤིག་འགོད་དགོས།

     སློབ་ཁྲིད་ལ་ཉན་ཚར་རྗེས་ཡོད་ཚད་འགྲུབ་སོང་བ་མ་ཡིན་ཞིང་མུ་མཐུད་དུ་བསམ་གཞིག་དང་ལེགས་སྒྲིག་བྱེད་དགོས། དེ་ནས་ཟིན་ཐོའི་ཁ་ཕྱེས་ཏེ་ཕན་ཚུན་འབྲེལ་ཆགས་པའི་སྒོ་ནས་སློབ་ཁྲིད་དགེ་རྒན་དང་བགྲོ་གླེང་བྱེད་དགོས།  རང་ཉིད་ཀྱིས་ཁྲིད་ཉན་གྱི་ཐོབ་བྱ་འབྲི་བའི་གོམས་གཤིས་ཤིག་ཆགས་ཐུབ་ན་རང་ཉིད་ཡར་རྒྱས་ཡོང་བར་ཕན་པ་ཆེན་པོ་ལྡན། བརྒྱུད་རིམ་འདི་དག་གི་ཁྲོད་ནས་སློབ་ཁྲིད་དགེ་རྒན་གྱི་ལེགས་ཉེས་ལ་དབྱེ་ཞིབ་དང་བསྡུར་བ། ཡང་དག་པའི་དཔྱད་འཇོག་བྱས་ཏེ་རང་ཉིད་ཀྱི་སློབ་ཁྲིད་འཐུས་ཚང་དུ་གཏོང་བར་གཞན་གྱི་ལེགས་ཆ་རྣམས་བཀོལ་ནས་ཚོད་ལྟ་བྱེད་དགོས།  ད་དུང་སློབ་ཁྲིད་དགེ་རྒན་གྱི་གཞི་རྩའི་ཤེས་ནུས་དང་སློབ་ཁྲིད་སྔོན་གྱི་གྲ་སྒྲིག་གི་གནས་ཚུལ། སློབ་ཕྱིའི་འབད་འབུངས་བྱེད་སྟངས་ལ་དོ་སྣང་དང་རྒྱུས་ལོན་བྱེད་དགོས།  


བཞི་བ། ཁྲིད་བཤད་དང་ཉན་དཔྱོད།

     ཉན་དཔྱོད(评课)ནི་སློབ་ཁྲིད་ཀྱི་དམིགས་ཡུལ་ལ་གཞིགས་ཏེ་དགེ་སློབ་གཉིས་ཀྱི་སློབ་ཐུན་བྱེད་སྒོ་དང་བྱེད་སྒོ་ལས་སློང་བའི་འགྱུར་བ་རྣམས་ལ་རིན་ཐང་གི་རྡར་ཤ་གཅོད་རྒྱུ་དེ་ཡིན།  རྣམ་པ་ཡང་མང་དུ་ཡོད་དེ་ལས་གྲོགས་ཕན་ཚུན་ལ་སློབ་སྦྱོང་བྱེད་པར་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ།   སློབ་གྲྭའི་མགོ་ཁྲིད་ཀྱིས་དཔྱད་ཞིབ་བྱེད་པར་ལྟ་རྟོགས་དང་ཉན་དཔྱོད་བྱེད་པ། གོང་རིམ་མམ་ཆེད་མཁས་པས་གསལ་འབྱེད་དང་ཐག་གཅོད་ཀྱིས་ཉན་དཔྱོད་བྱེད་པ་སོགས་མང་པོ་ཡོད།  ཉན་དཔྱོད་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ལ་བརྩོན་སེམས་དང་རང་འགུལ་ལ་སྐུལ་སློང་བྱེད་ཅིང་དགེ་རྒན་གྱི་སློབ་ཁྲིད་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་ཡོང་བར་རོགས་འདེགས་དང་ཁྲིད་སྟོན་གྱི་ཕན་ནུས་མི་དམན་པ་ཐོན་གྱི་ཡོད་པ་མ་ཟད། ད་དུང་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བྱང་ཚད་དང་སློབ་ཁྲིད་ལག་བསྟར་ལ་ལེགས་བཅོས།  ཁྱབ་ཁོངས་མང་ས་ནས་ཆ་འཕྲིན་མང་དུ་བསྡུ་བ། སློབ་ཁྲིད་ཆུ་ཚད་ཡུན་གྱིས་ཇེ་མཐོར་ཡོང་སྟེ་སློབ་ཁྲིད་ཀྱི་འདུ་ཤེས་ལ་འགྱུར་བ་བྱུང་བ།  དགེ་རྒན་གྱིས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སློབ་ཁྲིད་བྱེད་པ། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་ཡུན་གྱིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྲིད་གཤིས་ཤིག་ཆགས་པར་ཕན་ནུས་ཐོན་བཞིན་ཡོད།  

     ཉན་དཔྱོད་ནི་སློབ་ཁྲིད་དགེ་རྒན་ལ་ཉན་མཁན་རྣམས་ཀྱིས་སློབ་ཁྲིད་སྤྱོད་ཚུལ་ལ་དབྱེ་ཞིབ་དང་དཔྱད་བསྡུར་ཞིག་ཡིན་པ་མ་ཟད་སློབ་ཐུན་སྐབས་ཀྱི་སློབ་ཁྲིད་ལག་ལེན་གནས་ཚུལ་ལ་དཔྱད་བསྡུར་ཞིག་གམ་རིན་ཐང་གི་གཏན་འབེབས་ཤིག་ཀྱང་ཡིན།  ཁྲིད་བཤད་ནི་རང་གི་སློབ་ཁྲིད་སྤྱོད་ཚུལ་ལ་རང་གིས་དབྱེ་ཞིབ་བྱེད་པ་ཞིག་དང་སློབ་ཐུན་གྱི་སྣང་ཚུལ་དང་སློབ་ཁྲིད་གྲ་སྒྲིག་ལ་གསལ་བཤད་ཅིག ཡང་ན་་དོན་དངོས་ཞིབ་བརྗོད་གཙོ་གནད་དུ་འཛིན་གྱིན་ཡོདཔ་ཞིག་ཡིན།

     ཡང་དག་པའི་ཉན་དཔྱོད་ཀྱིས་དགེ་རྒན་གྱིས་རང་གི་སློབ་ཁྲིད་ཀྱི་ལེགས་ཕྱོགས་དང་ཞན་ཆ་རྣམས་ཚོར་ཐུབ་ལ་གཞུག་ཕྱོགས་ཀྱི་བཤད་ཁྲིད་ཀྱི་སྤུས་ཀ་སྔར་ལས་ལྷག་པའི་ཇེ་མཐོར་གཏོང་ངེས།  དེ་ལྟ་བུ་ཞིག་བསྒྲུབ་པར་སློབ་ཁྲིད་ལ་ཉན་པའི་རྨང་གཞིའི་ཐོག་ནས་སློབ་ཁྲིད་ཀྱི་གོ་རིམ་ལ་བསམ་གཞིག་དང་དབྱེ་ཞིབ། ལང་ཕྱོགས་མང་པོ་དང་མཐོང་སྣང་མི་འདྲ་བ་བཅས་ནས་དཔྱད་བསྡུར་བྱེད་དགོས།  ཡིན་ཡང་མཉམ་འཇོག་བྱ་ནི་ངེས་པར་དུ་ཕྱོགས་ལྷུང་མེད་ཅིང་དྲང་བདེན་དང་དངོས་ཡོད་གནས་ཚུལ་ལ་བསྟུན་དགོས།


ཕྲན་བཤད།  

    ཁྲིད་བཤད་ཀྱི་འཕོ་འགྱུར་ཞེས་པའི་དཔེ་དེབ་འདིའི་ས་བཅད་དང་པོ་ཁྲིད་བཤད་ཀྱི་གོ་དོན།   གཉིས་པ། ཁྲིད་བཤད་ཀྱི་ཕན་ནུས།   གསུམ་པ། ཁྲིད་བཤད་ཀྱི་བརྗོད་གཞི།  བཞི་བ། ཁྲིད་བཤད་ཀྱི་རིགས་དབྱེ། ལྔ་བ། ཁྲིད་བཤད་གསར་བའི་རིག་གཞུང་དང་གསར་གཏོད་བཅས་ས་བཅད་ལྔས་གྲུབ་པ་ཞིག་ཡིན། ད་རེས་དེབ་འདི་ཀློག་ཁུལ་བྱས་སྐབས་གྲོགས་པོ་དག་ལ་དེའི་ཐད་ཀྱི་ཁ་བརྡ་རེ་བྱས་ཤིང་གནས་སྐབས་ཀྱི་དགོས་མཁོ་ལ་དམིགས་ནས་ས་བཅད་དང་པོའི་ལེའུ་གཉིས་པ་སྟེ་ཁྲིད་བཤད་དང་ཟིན་བྲིས། སློབ་ཁྲིད། ཁྲིད་ཉན། ཉན་དཔྱོད་བཅས་ཀྱི་ཁྱད་པར་དང་འབྲེལ་བ་ཞེས་པ་བསྒྱུར་བ་ཡིན།  


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/14 བལྟ་ཀློག (1569)