མཐོ་རིམ་བོད་ཀྱི་དངུལ་ཁབ་རིག་གཞུང་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།


      རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་སྤྱི་ལོ་༢༠༡༧.༠༥.༡༣- ༢༠༡༧.༠༥.༡༦བར་མཚོ་སྔོན་འཇིགས་མེད་བོད་སྨན་ཁང་དུ་འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ཆེད་ལས་ཚོགས་པས་གཙོ་སྒྲུབ་མཛད་པའི་༼མཐོ་རིམ་བོད་ཀྱི་དངུལ་ཁབ་རིག་གཞུང་གསོ་སྦྱོང་འཛིན་གྲྭ་༽ཞིག་སྔོན་མ་སྒྲུབ་མ་མྱོང་བའི་བྱ་བཞག་གལ་ཆེན་ཞིག་བསྒྲུབས་པའི་སྒོ་གླགས་དང་བསྟུན།

      བོད་ཀྱི་གསོ་རིག་སློབ་དཔོན་ཆེན་མོ་མཛོད་དགེ་ཉི་མ་མཆོག་གི་སློབ་རྒྱུད་འཛིན་པའམ་བོད་ཀྱི་དངུལ་ཁབ་མཁན་པོ་དགེ་རྒན་གླིང་བ་བྱང་རིག་ཁོ་ལགས་ཀྱིས་མི་ལོ་སུམ་ཅུར་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ལ་རིན་མེད་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་དང་ལག་ལེན་མན་ངག་སོགས་སྦ་གསང་མེད་པར་མིའི་ལུས་སྟེང་ནས་དམར་ཁྲིད་བྱས་པ་དེ་དང་། ཁོས་ད་ཐེངས་ཀྱི་སློབ་ཁྲིད་གཅིག་པོ་ཙམ་མ་ཡིན་པར་༢༠༡༥ལོ་ནས་ད་རག་པར་དུས་ཐུང་འཛིན་གྲྭ་ཉི་ཤུ་ལྷག་བསྡུས་པ་སོགས་འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ཆེད་ལས་ཚོགས་པའི་འདོད་བློ་ཡིད་བཞིན་བསྐངས་འདུག

     ཐེངས་འདིའི་འཛམ་གླིང་ཀྲུང་མཐུན་བོད་ཀྱི་གསོ་རིག་ཆེད་ལས་ཚོགས་པས་གཙོ་སྒྲུབ་བྱས་པའི་བོད་ལུགས་གསོ་རིག་གི་དངུལ་ཁབ་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་མཐོ་རིམ་གསོ་སྦྱོང་འཛིན་གྲྭས་སྔ་ན་མེད་པའི་གྲུབ་འབྲས་ཤིག་ཐོན་ཡོད་པར་ཀུན་གྱིས་བསྟོད་བསྔགས་ཆེན་པོ་ཐོབ་འདུག

     བོད་ཁུལ་ཞིང་ཆེན་སོ་སོ་ནས་ཕེབས་པའི་བོད་ཀྱི་དངུལ་ཁབ་རིག་གཞུང་ལ་སློབ་གཉེར་བྱེད་མཁན་བླ་སྤྲུལ་དང་དགེ་བཤེས། སློབ་ཆེན་པ་དང་བན་སྐྱ་སེར་བརྒྱ་ཕྲག་ཁ་ཤས་དང་ཁུལ་བཅུ་གཅིག་དང་དགོན་སྡེ་བཞི་བཅུ་ལྷག་ནས་ཕེབས་ཡོད་པས་ད་ལྟ་དངུལ་ཁབ་གཙག་བཅོས་ཀྱི་ལག་ལེན་བྱ་མཁན་གྱི་སྨན་པས་བོད་ཁུལ་ཡོངས་རྫོགས་ཁེབས་ཡོད་པའང་ཚོད་དཔག་བྱ་ཆོག་པ་ཞིག་རེད།

    བོད་ཀྱི་དངུལ་ཁབ་རིག་པའི་གཙག་བཅོས་ཀྱིས་ནད་རྙིང་བཅོས་རྡུགས་དང་གཞན་བོར་གདོན་སྐྲོད་ཀྱི་བྱ་བྱད་མཆོག་ཏུ་གྱུར་བ་ཞིག་དང་ཁམས་འཁྲུགས་བདེ་གསོ་བྱེད་པའི་ཆ་བྱད་མཆོག་ཏུ་གྱུར་བ་ཞིག་ཡིན་པ་རྒྱལ་སྤྱིའི་སྟེང་ཁས་ལེན་ཐོབ་པ་ཞིག་རེད་དོ།།


གླིང་བ་བྱང་རིག་ཁོས་དངུལ་ཁབ་སྐོར་གྱི་འཆད་ཁྲིད་ཡུལ་དངོས།


བོད་ལུགས་དངུལ་ཁབ་སྐོར་གྱི་འཆད་ཁྲིད་ཡུལ་དངོས།


    ཐེངས་འདིའི་གསོ་སྦྱོང་གིས་བོད་ཁུལ་གྱི་ཞིང་ཆེན་སོ་སོ་ནས་ཕེབས་པའི་སྨན་དོན་ཆེད་མཁས་མི་སྣ་དང་སློབ་མ་སོགས་མི་གྲངས་བརྒྱ་ཕྲག་ཁ་ཤས་དང་རང་རྒྱལ་ཙམ་མ་ཡིན་པར་རྒྱལ་ཕྱི་ནང་ནས་བོད་ཀྱི་དངུལ་ཁབ་སྦྱོང་སྤྱོད་སྤེལ་གསུམ་བྱ་བ་ལ་གྲུབ་འབྲས་བཟང་བོ་ཞིག་ཐོབ་ཡོད་པར་ཡིད་ཆེས་བྱས་ཆོག


བོད་ཀྱི་དངུལ་ཁབ་མཁན་པོ་གླིང་བ་བྱིང་རིག་ཁོ།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/5/15 བལྟ་ཀློག (3335)