རྩོམ་རིག་ལ་དགའ་མཁན་ཞིག་ཡིན་ན། ཧ་ལམ་ཐོར་སི་ཐོ་ངོ་མི་ཤེས་མཁན་ཞིག་དཀོན་རྒྱུ་རེད།


རྩོམ་རིག་ལ་དགའ་མཁན་ཞིག་ཡིན་ན། ཧ་ལམ་ཐོར་སི་ཐོ་ངོ་མི་ཤེས་མཁན་ཞིག་དཀོན་རྒྱུ་རེད། མ་མཐར་ཡང་ཁོང་གི་གྲགས་རྩོམ་ཨ་ན་ཁཱ་རེ་ན་དང་། ཞི་བདེ་དང་དམག་འཁྲུག་གཉིས་བཀླགས་མེད་ཀྱང་གོ་ཐོས་བྱུང་ཡོད་ངེས།

གཅིག

      ང་ཚོས་ད་བར་དུ་ཐོར་སི་ཐོ་ནི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་ཤེས་པ་ལས། ཁོང་ནི་ཧ་ཅང་གི་འདོད་ཆུང་ཆོག་ཤེས་ཅན་དང་། མི་མང་དཀྱུས་མའི་བདེ་སྡུག་བསམ་མཁས་པའི་རླབས་ཆེན་གྱི་མི་བུ་སྙིང་རྗེ་ཅན་ཞིག་ཡིན་པར་ཤེས་མཁན་ཉུང་ཉུང་ལས་མེད།

གཉིས།

      སྤྱིར་ན་ཁོང་གིས་རྒྱས་སྤྲོས་ལྡན་པའི་མཆོར་ལྭ་གྱོན་ནས། སྐུ་དྲག་ལྟར་མི་ཚེ་བསྐྱལ་ན་འགྲིག རྒྱུ་མཚན། ཁོང་ནི་འབྱོར་ཕྱུག་ལྡན་པའི་ཞིང་བདག་ཅིག་གི་བུ་རེད། འོན་ཀྱང་ཁོང་གིས་མི་མང་དཀྱུས་མ་ཞིག་གི་ཚུལ་དུ་མི་ཚེ་བསྐྱལ་ཡོད་པ་རེད། ཁོང་གིས་རང་ཉིད་ལ་བདག་པའི་ཡབ་གཞི་དེ་བྲན་གཡོག་གི་བྱིས་པ་ཚོའི་ཆེད་སློབ་གྲྭར་བསྒྱུར་ཞིང་། ཞིང་ས་རྣམས་བྲན་གཡོག་ཚོར་ཕངས་མེད་དུ་བགོས་ཏེ། བྲན་གཡོག་ཚོར་རང་དབང་སྦྱིན་པ་རེད།

གསུམ།

      ལོ་རྒྱུས་ཀྱི་ངོས་ནས་ལྟོས་ན་ཁོང་གི་དུས་སྐབས་དེ་ནི། སུ་ལེན་ནི་ཧ་ཅང་གི་གྲལ་རིམ་ལྡན་པའི་དུས་སྐབས་ཀྱི་སྤྱི་ཚོགས་ཤིག་ལ་ཁེལ་ཡོད་པ་རེད། ཁོང་གིས་རང་ཉིད་ལ་དབང་བའི་བྲན་གཡོག་རྣམས་ལ་རང་དབང་བྱིན་པ་དང་། རང་གི་གཞི་ཀའི་ནང་དུ་བྱིས་པ་ཚོར་སློབ་ཁྲིད་བྱས་རྐྱེན། སུ་ལེན་གོང་མའི་དམག་དཔུང་བསླེབས་ཏེ། ཁོང་ལ་མི་མང་ལ་ངན་སྐུལ་བྱས་བའི་ནག་ཉེས་ཡོད་པར་བསྒྲགས་པ་རེད།

བཞི།

      ཐོར་སི་ཐོ་ནི་དྲག་པོའི་ལན་དུ་ཞི་བའི་ཐབས་ལམ་བརྟེན་དགོས་པར་ཡིད་ཆེས་བྱེད་མཁན་ཞིག་རེད། ཁོང་གིས་དྲག་པོ་ནི་ཞི་བ་ཁོ་ནས་འཇོམས་ནུས་བར་གསུངས་མྱོང་བ་རེད། ལོ་རྒྱུས་ལ་ལར་འཚེ་མེད་ཞི་བའི་ལྟ་གྲུབ་སྨྲ་བའི་དམ་པ་འགན་ཌྷི་ལའང་། ཐོར་སི་ཐོའི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་ཡོད་པར་བཤད། དེ་ནི་དངོས་ནས་བདེན་པ་འདྲ།

ལྔ།

      དེ་ལྟར་ཡིན་ཚེ། འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་གནང་མཁན་ཞིག་ཡིན་ན། ཐོར་སི་ཐོ་ནི་མ་ཤེས་ཐུབ་མེད་དུ་གྱུར་ཡོད་ལ། ཐོར་སི་ཐོ་ཤེས་པ་ལ་ངེས་པར་དུ་ཁོང་གི་མི་ཚེའི་ལོ་རྒྱུས་ཤེས་དགོས། དེ་ཤེས་པ་ལ་ཁོང་གི་གསུང་རྩོམ་མི་ཀློག་ཐུབ་མེད་རེད།

དྲུག

      ཁོང་ལ་སྤྱིར་གསུང་རྩོམ་མང་པོ་ཡོད་ནའང་། གྲགས་ཆེ་ཤོས་ནི་གོང་དུ་ཞུ་ཟིན་པའི་དེབ་གཉིས་དང་། གཞན། གཞོན་ནུའི་དུས་སྐབས་དང་། ན་གཞོན་གྱི་དུས་སྐབས་སོགས་མང་པོ་ཡོད་པ་རེད། རེ་རེ་བཞིན་ཁོ་བོས་བསྒྱུར་བའི་ཁོང་གི་མི་ཚེའི་ལོ་རྒྱུས་ཐུང་ངུ་ཞིག་ཡོད་པ་དེ་ལས་ཤེས་པར་བྱ།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/16 བལྟ་ཀློག (22066)