སྟོབས་རྒྱལ་གྱིས་རྒྱལ་ཡོངས་རྒྱུག་འགྲན་ཁྲོད་ཨང་དང་པོ་བླངས་འདུག

སྟོབས་རྒྱལ་གྱིས་རྒྱལ་ཡོངས་རྒྱུག་འགྲན་ཁྲོད་ཨང་དང་པོ་བླངས་འདུག


      སྤྱི་ཟླ་༥ཚེས་༡༦ནས་ཚེས་༡༩ཉིན་བར། ཧྲན་ཏུང་ཅི་ནན་དུ་༢༠༡༧ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་དང་རྒྱལ་ཡོངས་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་འཚོགས་ཡོད་ཅིང་། སྐྱེས་པའི་སྨི་ཆིག་ཁྲི་ཅན་གྱི་རྒྱུག་འགྲན་ཁྲོད། བོད་རང་སྐྱོང་ལྗོངས་ཀྱི་འགྲན་ཞུགས་པ་སྟོབས་རྒྱལ་ལགས་ཀྱིས་ཨང་དང་པོ་བླངས་ཡོད་པ་མ་ཟད། རྟ་མགྲིན་ཚེ་དབང་ལགས་ཀྱིས་ཨང་གཉིས་པ་བླངས་ཡོད་པ་དང་། གཞན་སྐྱེས་པའི་སྨི་ལྔ་སྟོང་ཅན་གྱི་རྒྱུག་འགྲན་ཁྲོད་དུའང་སྟོབས་རྒྱལ་གྱིས་ཨང་གཉིས་པ་བླངས་འདུག

      ཐེངས་འདིའི་འགྲན་བསྡུར་ཁྲོད་ཁྱོན་སྡོམ་བོད་ལྗོངས་ཀྱི་འབྲིང་རྒྱང་རྒྱུག་ལུས་རྩལ་བ་བདུན་ཞུགས་ཡོད།

      རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་དེ་ད་ལོའི་སྤྱི་ཟླ་༨ཚེས་༢༧ཉིན་ནས་སྤྱི་ཟླ་༩ཚེས་༨ཉིན་བར་གྲོང་ཁྱེར་ཐེན་ཅན་དུ་འཚོག་རྒྱུ་རེད།     


      ༢༠༡༦ལོའི་སྤྱི་ཟླ་༨པར་སྟོབས་རྒྱལ་ལགས་མེ་གླིང་ལྷོ་མའི་བྷ་རེ་ཟེ་(Brasil)རྒྱལ་ཁབ་ཀྱི་གྲོང་ཁྱེར་རིས་ཨོ་(Rio)རུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་༣༡པར་ཞུགས་མྱོང་ཞིང་། ཁོང་ནི་བོད་རང་སྐྱོང་ལྗོངས་ཀྱི་རྒྱང་ཐག་རིང་འབྲིང་གི་ལུས་རྩལ་པ་གྲགས་ཅན་ཞིག་ཡིན་ལ། སྤྱི་ལོ་༡༩༩༤ལོར་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དར་རྒྱས་ཤང་དུ་སྐྱེས།  སྤྱི་ལོ་༢༠༠༩ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་སློབ་གྲྭར་རྒྱང་ཐག་རིང་འབྲིང་གི་རྒྱུག་ཤར་སྦྱོང་བརྡར་ནང་ཞུགས། སྤྱི་ལོ་༢༠༡༡ལོར་སྟོབས་རྒྱལ་ལ་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་འགྲན་བསྡུར་ནང་གཡུར་ཟའི་གྲུབ་འབྲས་ཐོབ་པ་ནས་ད་བར། རྒྱལ་ཁབ་ཕྱི་ནང་གི་འགྲན་རའི་ཐོག་གསེར་གྱི་རྟགས་མ་༩དང་། དངུལ་གྱི་རྟགས་མ་༣ ཟངས་ཀྱི་རྟགས་མ་༥བཅས་ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱང་ཐག་རིང་འབྲིང་གི་རྒྱུག་ཤར་ཟིན་ཐོ་ཐེངས་བཅུ་གསུམ་བཏོད་མྱོང་།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/28 བལྟ་ཀློག (5918)