ཁོར་ཡུག་སྲུང་སྐྱོབ།

ཁོར་ཡུག་སྲུང་སྐྱོབ།


ཁམས་འབྲོང་རྒོད།  ཡུལ་ཤུལ།

སྙན་འཇེབས་རྒྱུད་མང་གི་དབྱངས་རྟའི་ཁྲོད་ན།།
འཁོར་འདས་རིག་བྱེད་ཀྱི་ང་རོ་དྭངས་མ།།
དྲི་ཟའི་དབྱངས་སྙན་གྱི་གདངས་སུ་འདྲེན་མཁས།།
ཚངས་སྲས་དགའ་མ་ཡིས་རམ་འདེགསམཛོད་ཅིག།

སྤྱི་མཐུན་ལས་སྣང་གི་དྲོད་ཀྱིས་གསོས་པའི།།
ར་བ་གངས་ལྗོངས་ཀྱི་ཞིང་ས་གྲུ་བཞིར།།
མ་བོས་མཉམ་འཛོམས་ཀྱི་བོད་ཕྲུག་སྤུན་སྲིང་།།
ཁ་བའི་འཇིག་རྟེན་འདིའི་བདག་པོ་ཁྱེད་ཡིན།།

མཛེས་སྡུག་རྫ་སྤང་གི་བརྗིད་ཆགས་ལྷུན་པོ།།
སྔོ་ལྗང་ནགས་ཚལ་གྱི་རྩི་ཤིང་གྲངས་མེད།།
ཁ་འབབ་ཆུ་བཞི་ཡི་གཏེར་ཁ་རྡོལ་སའི།།
ཕ་ས་གངས་ལྗོངས་འདིའི་ཁོར་ཡུག་སྲུང་དགོས།།

རང་བྱུང་ནགས་ཚལ་དང་གཙང་ཆུའི་ཐོན་ཁུངས།།
ཕངས་མེད་འདོད་རྔམས་ཀྱིས་ཅི་དགར་རོལ་ཏེ།།
དྲོན་ཆུང་བེད་སྤྱོད་ཀྱི་འདུ་ཤེས་བྲལ་ན།།
འཇིག་རྟེན་ཆུང་ཆུང་འདིའི་ཚེ་སྲོག་བརྟན་དཀའ།།

དྭངས་གཙང་མཁའ་དབུགས་ཀྱི་བསུང་དྲི་འཐུལ་ཞིང་།།
ནམ་ཟླ་དུས་བཞི་ཡི་འགྱུར་བག་མངོན་ས།།
རིན་བྲལ་གཏེར་རྫས་ཀྱིས་ཕྱུར་བུར་གཏམས་པའི།།
ཕ་ས་གངས་ལྗོངས་འདི་སྲུང་སྐྱོབ་བྱེད་དགོས།།

རང༵་གི་ཁ་ཕོར་ལས་བསམ་རྒྱུ་མེད་ཅིང་།།
རང༵་དོན་ཁོ་ན་ལས་དྲན་རྒྱུ་མེད་པའི།།
རང༵་འདོད་རྐྱང་རྐྱང་གིས་འཚོ་བའི་ཤེས་རྨོངས།།
རང༵་ས་གྲུ་བཞི་འདིར་གཏོར་བརླག་མ་གཏོང་།།

དེང་རབས་ཚན་རིག་གི་རྩལ་ལས་བསྐྲུན་པའི།།
རི་བྲག་སྔོག་བྱེད་ཀྱི་འདྲ་མིན་འཕྲུལ་རིགས།།
གོ་ལའི་གཤེད་མ་རུ་ཆེད་བཟོས་མིན་ན།།
གང་བྱུང་ཁོར་ཡུག་འདི་སློག་གི་མ་འདུག།

མཐོ་སྒང་རིན་བྲལ་གྱི་གཏེར་རིགས་བསློགས་ཏེ།།
རང་ལ་དཔལ་འབྱོར་གྱི་ཡོང་འབབ་བདོ་ཡང་།།
སྐྱེ་འགྲོ་ཁྲི་འབུམ་གྱི་གནས་ཚང་དྲོན་མོ།།
ཁྱོད་རང་གཅིག་པུ་ལ་དབང་ཐབས་མི་འདུག།

དྲང་པོའི་མིག་ཟུང་གིས་རྒྱང་ལ་གཟིགས་དང་།།
གཟི་བོའི་བློ་གྲོས་ཀྱིས་མནོ་བསམ་ཐོངས་དང་།།
འབྱུང་འགྱུར་མི་རབས་ཚོའི་བདེ་སྡུག་བསམ་ན།།
རང་བྱུང་ཁོར་ཡུག་འདི་སྲུང་སྐྱོབ་བྱེད་དགོས།།

ཁ་ནས་འགྲིག་འགྲིག་གི་བཤད་པ་མཁས་ཀྱང་།།
དོན་གྱིས་ལག་ལེན་དང་རྒྱབ་འགལ་སོང་བའི།།
དེང་དུས་སྨྱུག་ཐོགས་ཀྱི་གྲོགས་དང་གྲོགས་མོ།།
ང་ཚོས་རང་སྟེང་ནས་འགན་འཁྲི་བཞེས་དགོས།།

མདོར་ན་ས་སྒང་འདིར་བཅའ་སྡོད་གནང་བའི།།
མཆོག་དམན་སྐྱེ་འགྲོ་ཡི་རིགས་གཏོགས་ཡིན་ཕྱིན།།
ང་ཚོའི་ཐུན་མོང་གི་གཞིས་ཁྱིམ་གྲུ་བཞི།།
སྲུང་བའི་ཁེ་དབང་དང་འོས་འགན་ཡོད་ངེས།།

ཁེར་རྐྱང་གི་ཆིག་ལབ།

ཁམས་འབྲོང་རྒོད།    ཡུལ་ཤུལ།

འཇའ་ཚོན་ལ་འཁུ་བའི་ལོ་ཟླ།།
ཡིད་ཚོར་ལ་རི་མོ་བྲིས་འདྲ།།
སུ་ཞིག་གི་སྙིང་ཤར་འཐིམ་པ།།
འདས་དྲན་གྱི་ཞེན་ཆགས་ཡིན་འགྲོ།།


མི་ཚེ་ཡི་བརྒྱུད་ལམ་མ་མོག།
མི་ཡུལ་གྱི་སྐྱོ་དགའ་བན་བུན།།
སེམས་ཤིག་ནས་ག་ལེར་ཚོར་བ།།
ཟུར་ཞིག་ནས་ཡུན་གྱིས་མྱང་འོང་།།


ལས་དབང་གི་སྣང་ཤེས་མི་གཅིག།
རྨི་ལམ་གྱི་ཁ་དོག་མི་མཚུངས།།
རེ་བསྙེག་གི་འདུན་མ་ཟད་པོ།།
རང་སེམས་ན་གསང་ནས་ཉར་ཡོད།།


མེ་ཏོག་གི་མཛེས་སྡུག་ཁྲ་ཁྲ།།
ན་སྤང་གི་རློན་སར་དགོད་ཡོད།།
བརྩེ་འདུན་གྱི་དུང་ཤ་འཇམ་པོ།།
གློ་སྙིང་གི་དྲོད་སར་བསྙལ་ཡོད།།


འཇིག་རྟེན་གྱི་འདུ་འཛོམས་བར་ན།།
གཏམ་རྒྱུད་ཀྱི་མིང་བྱང་བདོ་བ།།
ཡིད་བརྙན་ལ་གཅིག་ཤར་གཉིས་འཆར།།
དྲན་ཤེས་འདི་ངལ་བས་གདུང་སོང་།།


ཁེར་རྐྱང་གི་གྲིབ་གཟུགས་བཙལ་ནས།།
ལོ་ཟླ་ཞིག་མོག་པོར་བཟོས་ཡོད།།
གཟུགས་རིས་དེ་ད་དུང་མ་རྙེད།།
འཚོ་བ་འདི་སྔར་ལྟར་གྲང་འདུག།


ཁེར་རྐྱང་གི་རྡོག་ལམ་བཙལ་ནས།།
ལྷམ་ཆུང་ཞིག་རལ་ནས་ཚར་ཡོད།།
རྡོག་ལམ་དེ་ད་དུང་མ་རག།
ངལ་བ་ཞིག་གདོང་གིས་ཁུར་ཡོད།།


ཁེར་རྐྱང་གི་རྨི་ལམ་བཙལ་ནས།།
ཡོད་ཚད་ལ་མགོ་བོ་སྒུར་ཡོད།།
རྨི་ལམ་དེ་ད་དུང་མ་འབྱོར།།
སྐྱོ་སེམས་ཤིག་མིག་མཐར་འཁྱིལ་ཡོད།།


དབུས་ལམ་འདི་ཕར་འཁྱོག་ཚུར་གུག།
རྐང་ཐང་པར་ངལ་བ་སྟེར་འདྲ།།
གཙང་བོ་འདི་ཤར་བཞུར་ལྷོ་བཞུར།།
བྱེད་པོ་ཡིས་གང་སར་དེད་འདྲ།།


མི་ཚེ་འདི་སྐྱིད་རེས་སྡུག་རེས།།
འཚོ་བ་འདི་ནངས་དྲོ་ནུབ་གྲང་།།
ལས་དབང་འདི་དགོད་རེས་ངུ་རེས།།
འཇིག་རྟེན་འདིར་ལྟད་མོ་མཚར་པོ།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/6/19 བལྟ་ཀློག (1979)