ཡུལ་ཤུལ་རྫ་སྟོད་མགར་སྐོར་དགྱེས་འཛོམས་སྐབས་དང་པོའི་ཤེས་རིག་ཡར་སྐུལ་གཟེངས་འབུལ་མཛད་སྒོ།

ཡུལ་ཤུལ་རྫ་སྟོད་མགར་སྐོར་དགྱེས་འཛོམས་སྐབས་དང་པོའི་ཤེས་རིག་ཡར་སྐུལ་གཟེངས་འབུལ་མཛད་སྒོ།

      དེ་ཡང་སྤྱི་ལོ་2017ལོའི་ཟླ་8པའི་ཚེས་17.18.19སྟེ་ཉིན་གསུམ་རིང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རྫ་སྟོད་ཀྱི་རྫོང་ཁུལ་གཅིག་གི་མངའ་ཁོངས་ལ་ཡོད་པའི་རུས་མགར་དུ་གཏོགས་པ་ཚང་མ་ལྷན་འཛོམས་ཐེངས་གཅིག་བྱས་པ་རེད།

    ཐེངས་འདིའི་ལྷན་འཛོམས་ནི་དམིགས་བསལ་གྱི་ལྷན་འཛོམས་ཤིག་ཆགས་ཡོད། སྤྱིར་ཉེ་འདུ་ཟེར་ས་ཕལ་མོ་ཆེ་ནི་ཤ་ཟ་ཆང་འཐུང་གི་སྟོན་མོ་ཙམ་ཡིན་མོད་ཐེངས་འདིའི་ལྷན་འཛོམས་ནི་མ་འོང་པའི་མགར་ཚང་གི་ན་གཞོན་དག་ལ་ཤེས་ཡོན་གོང་འཕེལ་དང་འཇོན་ནུས་ཤུགས་སྣོན་བྱེད་རྒྱུར་དམིགས་ནས་ཉིན་གསུམ་གྱི་རིང་དུ་ན་གཞོན་བསླབ་འབྲས་འབུལ་ཐོན་ཅན་དག་དང་།  ད་ལོར་སློབ་མཐར་ཕྱིན་ནས་སྤྱི་ཚོགས་ཀྱི་ལས་ཀ་རག་མཁན་ཡོངས་ལ་གཟེངས་རྟགས་འབུལ་བའི་བྱ་འགུལ་མཛད་སྒོ་ཞིག་ཀྱང་ཡིན་པས་གཟུར་གནས་ཀུན་གྱི་བསྔགས་ཡུལ་དུ་གྱུར་ཡོད་ཟེར།

    དེ་ཡང་ཉིན་དང་པོའམ་ཚེས 17 ཉིན་རྫ་སྟོད་མགར་ཚང་གི་ཕུ་ནུ་མིང་སྲིང་ཚང་མ་རྫོང་གྲོང་གསར་པའི་འོག་གི་རྫ་ཆུའི་ཟམ་ཆེན་གྱི་ཐད ༼ རྫ་ཆུའི་ཡུལ་སྐོར་དགེ་འབྲོང་འབྲོག་པའི་རིག་གནས་སྐྱེ་ཁམས་ཡུལ་སྲོལ་གླིང་། ༽ དུ་འཛོམས་ཤིང་། ཉིན་གསུམ་གྱི་རིང་རྫ་སྟོད་མགར་ཚང་གི་ཕུ་ནུ་མིང་སྲིང་སོ་སོས་ཕ་ཡུལ་དང་རུས་མིང་ལས་རིགས་སོགས་ཕན་ཚུན་ལ་ངོ་སྤྲོད་དང་། ལས་རིགས་གང་ཅིའི་ཐད་ནས་ཕན་ཚུན་ལ་གཞོགས་འདེགས་དང་བསམ་བློ་བརྗེ་རེས་གང་མང་བྱས་པར་མ་ཟད། ལྷག་ཏུ་རྒན་དར་གཞོན་གསུམ་ཚང་མ་འཛོམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་སྲོལ་གྱི་རྩེད་མོ་དཔེ་དང་སྒྲུང་བཤད་པ།  སྙན་ངག་གྱེར་འདོན་དང་རི་མོ་འབྲི་བ།  འགྱིག་དང་རྒྱལ་བོ་འཇོག་པ།  ཡིག་གཟུགས་འགྲན་པ།  སྒ་ཞོ་ལྡག་པ།  ཤུགས་རྡོ་བཀྱག་པ།  ཐག་པ་འཐེན་པ།  རྐང་རྒྱུགས་འགྲན་པ།  ཐེ་གེ་རྩེད་པ།  རྩམ་པ་རྫུ་བ།  བོད་གོས་གྱོན་པ།  འབྲོག་གླུ་དང་ཞབས་བྲོ་འཁྲབ་པ་བཅས་ད་སྐབས་ཀྱི་ན་གཞོན་ཚོས་བརྗེད་འགྲོ་བར་དོགས་པའི་གནའ་དེང་གི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པ་ཞིག་ལ་རོལ་མྱོང་བྱས་པར་མ་ཟད།

      འགྲན་བསྡུར་གྱི་བརྒྱུད་རིམ་ཁྲོད་ནས་མགར་ཚང་གི་ན་གཞོན་མང་པོ་ཞིག་གིས་ཤེས་ཡོན་འཇོན་ཐང་ཅན་ལ་བྱ་དགའ་འབུལ་བའི་མཛད་སྒོ་འདིས་འཇིག་རྟེན་སྟེང་གི་བྱ་བ་གཙོ་ཕལ་དང་མི་ཚེའི་སྤང་བླང་གི་རྣམ་བཞག་མང་པོ་ཞིག་ལ་ངོས་ཟིན་གསལ་བ་ཐོབ་ཡོད་ཟེར།

    རྒན་པ་ཚོས་ཀྱང་རང་རང་གི་ནུས་ཚོད་ཀྱིས་བུ་རབས་ཚ་རྒྱུད་ཚང་མ་ལམ་ལོག་ཏུ་མི་འགྲོ་བར་མཐུན་རྐྱེན་སྦྱོར་ཅི་ཐུབ་བྱ་རྩིས་དང་། བོད་པ་རང་གི་ལུགས་སྲོལ་རྒྱུན་འཛིན་དང་ཆོས་འཇིག་རྟེན་གཉིས་ཆར་ཞབས་འདྲེན་མི་ཞུ་བའི་མི་རྒྱུད་ཅིག་ཆགས་པར་བརྩོན་ལེན་བྱ་རྒྱུ་ཡིན་སྐོར་དང་།

    མཇུག་ཏུ་མགར་གྱི་ཉེ་འབྲེལ་སུ་ཡིན་ཡང་གཞན་ལ་ཕན་མི་ཐོགས་ཀྱང་གནོད་མི་སྐྱེལ་བའི་དམ་ཚིག་ལ་དྲན་སྐུལ་དང་།  ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་དང་མ་རབས་ཀྱི་ཕྱོགས་ནས་ངན་འབྲེལ་མི་བྱེད་པའི་ཐ་ཚིག་སྒྲོགས་སྦྱང་བྱས་ཏེ་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་མཇུག་བསྡུས་པའོ།།








རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/8/22 བལྟ་ཀློག (5358)