ཞོགས་བརྡའི་སྙན་ངག་བཏུས་རྩོམ།

མི་གསལ་བའི་ཉིན་འདི་དག


ཁྱིམ་གྱི་མཁའ་དབུགས་ཉི་འོད་མེད་པའི་འཇིག་རྟེན་གྱིས་བཟུང་།
ང་རང་མདོག་མི་གསལ་བའི་འབུ་ཉི་ཚེ་བ་ཞིག་ལྟར།
ཀ་བ་དང་ཀ་སྟེང་གི་རྒྱབ་ལ་སྦས་རྗེས།
ཡུན་རིང་དུ་མ་བཀར་བའི་གློག་འོད་ཅིག་ཀྱང་སྒྲོན་ལ་ཁད།
གླེགས་བམ་གྱི་དབྱངས་རྟའི་སེམས་ཀྱི་འགལ་འདུ་གཞན་ཞིག་དཀྲོགས་དུས།
ཚུལ་འཆོས་ཀྱི་སྦགས་པའི་རི་གྲོང་གི་སྡེ་དཔོན།
ཁྲ་ཆིལ་དགུ་ཆིལ་གྱི་སླེ་བོ་བཟོས་ནས།
ང་ཚོ་འང་བརྫངས་བར་འདོད་འདུག

                ༢༠༡༧/༧/༡༡

མིང་འདི་མི་དགོད།

དཀར་འོད་མ་མཐོང་བ་དག
ཁྲག་མཚོ་འཁྱིལ་བའི་གྲུ་གཟིངས་ལ་སྡོད་ཅིག
ངའི་བྱེའུ་གཤོག་སྒྲོ་ལ་ནུས་མཐུ་གཡར་ཏེ།
གངས་དཀར་པོའི་སྨུག་པ་འཐིབ་ས་དེ་ནས།
ཁ་བ་དག་ཆུ་བོ་ལ་སྒྱུར་བཞིན།
ཁྱོད་ཀྱི་ཚེ་སྲོག་ལ་འོ་མ་ཡིས་མཆོད་ཁ་གསོལ།

༢༠༡༧/༧/༡༡

   དབུས་གཙང་བུ་མོ།


མེ་ཏོག་གི་འཇིག་རྟེན།
དཀར་ཞིང་དྭངས་པའི་བྱེ་ཐང་གི་བུ་མོ།
ལོ་ངོ་སྟོང་ལས་གྲུབ་པའི་གསང་བ་ཡི་སེམས་ཚེགས།
འདས་པའི་འཇིག་རྟེན་གཞན་ཞིག་ལ་བྱིན་ན་ཆོག་གམ།

ངའི་འོལ་ཚོད་ཀྱི་ཁྱོད་ཀྱི་རྣ་བར་ཞི་བདེ་ཞིག་བསྐྲུན་འདོད།
ད་དུང་དེས་ཀྱང་མ་ཚད་པར།
མི་མཐོང་བའི་གདེང་ག་ཞིག་ནས།
ཕྱག་གཡས་ཕྱག་གིས་བསྐྱོར་ནས།
དུས་རབས་བཅུ་དགུ་པའི་བུ་མོ་ཞིག་ལ།
མེ་ཏོག་གི་རྩྭ་ཞྭ་བསླས་ནས།
ཚོད་ཚོད་མེད་ལ་མགོ་རུ་བསྐོན་ན་འདོད་སོང་།

                                      ༢༠༡༧/༧/༡༡

དུས་རབས་གསར་བ།

འཇའ་དང་ཉི་མ།
སྤྲིན་དང་སྨིག་རྒྱུ།
འཁོར་བའི་ཚུལ་འཆོས།
དགའ་བའི་འཛུམ་མདངས།
སྡུག་པའི་ངུ་གཏམ།
ཞིང་དང་ལོ་ཏོག
སད་དང་སེར་བ།
མི་དང་གྲིབ་མ།
ཐོ་ཡོར་གྱི་རོ་ལངས།
གཟུགས་མེད་ཀྱི་ཀི་སྒྲ།
གཏོས་ཀྱིས་ཁྱི་ཡི་ཟུར་འགྲོས།
མ་དག་པའི་དམྱལ་ཁམས།
ཐ་སྙད་ཀྱི་ཚིག་སྦྱོར་འབྲི་བའི་མཁས་པ།
སྣང་བའི་ཨུག་ཆོས་ཀྱི་དྲི་མ།
རི་དང་ལུང་པ།
ས་ཆ་སོ་སོ།
མཁས་པའི་མཁས་པ།
ཕྲག་དོག་གི་ཟུར་ཟ།
འདོད་ཆགས་དང་གཏི་མུག
བྱེ་ཐང་གི་སེམས་ཁམས་ལ་ཁྱབ་པ།
ལས་ཀྱི་རླུང་བུ།
མིང་མེད་རི་མོ།
ཁ་བ་དང་ཁ་བའི་བཤགས་རྗེས།
དུས་རབས་གསར་བའི་འགྲོ་ཚུལ་དུ་སྣང་བ།

                        ༢༠༡༧/༧/༡༠


དྲན་པ་ཐར་ཐོར་ཁྲོད་ཀྱི་ང་རང་།


སྤྲིན་པ་དག་གི་ནམ་མཁའ་ལ་ཡོལ་བ་བྱས།
ས་གཞི་ལ་གྲིབ་མའི་མགོ་བགབ་ནས།
རྩི་ཤིང་དང་མེ་ཏོག་གི་སྟེང་དུ་རས་གཟན་དམར་པོ་དག་ཧྲལ་ཧྲལ་དུ་གཡུག
འདོད་པའི་རླུང་བུ་གཙང་བོ་དང་སེམས་ཀྱི་ཉིན་སྲིབ་ལ་རྒྱག་དུས།
ཤག་ཁང་ཡང་སྟེང་གི་དྲིལ་ཆུང་སེར་པོའི།
བདག་གི་དྲན་པ་ཐར་ཐོར་དག་རྨི་ལམ་དུ་བརྫངས།

                                ༢༠༡༧/༧/༧


          མིང་།


འཇིག་རྟེན་གྱི་བཞུའི་ཚར་བའི་སྲོག་གི་འཇལ་ཡོལ་སེར་པོ།
ཁྱེད་རང་དབྱངས་དང་ལྷན་དུ་མི་མངོན་པའི་སྟོང་གསུམ་ཉུལ་དུས།
མིག་གི་མཐའ་ཁ་ཤོག་བུའིི་འབྱིད་པའི་འུ་ཚོ་དག་རྨི་ལམ་དུ་མི་འདུག
སྙིང་དཀྱིལ་གྱི་ཆགས་སྡང་དག་མཁའ་དབྱིངས་ལ་གཤོག་སྒྲོ་ལྟར་སྤུར་དུས།
སྣང་བའི་འཇིག་རྟེན་གཞན་ཞིག་ཏུ་ཁྱོད་ཀྱི་མིང་ལ་འབོད་མཁན་ཆ་ཤས་འདུག

                        ༢༠༡༧/༧/༢

ང་ཡི་བླ་མཚོ།


འཇིག་རྟེན་ནི་ཀི་རིང་འདེབས་ཆོག་ས་ཞིག་རེད། 
བྱ་བྱེའུ་དང་ལྷན་དུ་སྙིང་གཏམ་གླེང་ཆོག་ས་ཞིག་རེད།

ཡིན་ཡང་འཇིག་རྟེན་གཞན་པའི་དུད་འགྲོ་སོགས་ཆུ་ལོག་ལྟར་བྱོ་ན།
ང་ཚོས་གྲི་དང་མདུང་གིས་འགོག་རྒྱུ་མ་ཡིན་པར།
ལག་ཏུ་བཟུང་བའི་འབྲུ་སྙེ་གང་བོ་འདི་ཡིས་འགོག་ན་རབ་རེད།

ཡིན་ཡང་།
ཡིད་ཁམས་ནི་ཚ་དྲོད་དང་མེ་རླབས་འཕྱོ་བའི་ཆགས་སྲེད་ཁང་པ་ཞིག་རེད།
འུ་ཚོ་ཆུ་ཆར་ལ་མི་སྐྲག་པར་ཁང་པ་དེས་ནང་ནས་འབུད་དགོས།
རྒྱུ་མཚན་འཇག་མའི་གནས་ཡུལ་ནས་འཕྱན་རན་པས།
ཁོ་ཚོ་ད་དུང་འདུག་སྟེགས་ཤིག་གང་ན་ཡོད།
དུས་གཏན་དུ་མེད་པས་ཁྱོད་ཚོས་བསམ་བློ་ཐོངས།

               ༢༠༡༧/༧/༣ཉིན་རང་ཤག་ནས་གྲུབ།

དུས་རས།

སྨུག་སྤྲིན་གྱིས་སྤང་ཐང་ལ་ཡོལ་བ་བྱེད་དུས།
ཆར་རླུང་དང་སེར་བ་ཡི་འུ་ཚོས་མགོ་བོ་ལ་ཧ་ཅང་གྲབས།
ཟང་ཟིང་དང་མག་མོག་ཏུ་འགྱུར་བའི་གྲོང་བར་གྱི་ཧ་གསེང་།
ཁྱི་ལྡོམ་དང་སྤྲང་པོ་ཡི་ས་བཟུང་ནས།
དུས་ཆར་གྱི་ཡུར་ཆུ་མྱི་མགོ་དང་འཛམ་གླིང་ལ་བཞུར་གྱིན་འདུག

   ༢༠༡༧/༦/༢༨ཉིན་རྔ་བ་ནས་དྲག་ཆར་ཞིག་འབབ་རྗེས་བྲིས།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/9/10 བལྟ་ཀློག (1002)