རང་ལ་བྲིས་པའི་ཀ་རྩོམ།

གྱིན་འདའ་བ།     ཁྲི་འདུ།


ཀཱ༵་ལིའི་ང་རོ་ངག་ནས་སྒྲོག་ཀྱང་གང་ཡང་མ་རྟོགས་ནེ་ཙོའི་ཁ༵།།

ག༵་ཤེད་ཅིག་ནས་ཐོས་པ་བྱས་ཀྱང་ཅི་ཡང་མ་ཤེས་འཁྱར་པོ་ང༵་།།

ཅ༵་རེ་འཆལ་བའི་གཏམ་ཅོལ་མོལ་བའི་གྱོང་ཁུད་རྒན་པོ་དེ་ཡི་ཆ༵།།

ཇ༵་ཏོར་ནང་དུ་ལྷོད་ཀྱིས་ཉལ་བར་ཟླ་བོ་ཆུ་མོའི་ཀློང་གི་ཉ༵།།


ཏ༵་ཐ་ག་ཏའི་བསྟན་ལ་ཞུགས་ཀྱང་ཕྱིའི་གཟུགས་ཙམ་ལས་མེད་པས་ཐ༵།།

ད༵་དུང་ཚུལ་འཆོས་རྫུ་བག་ངང་ནས་གདོང་དུ་འབག་ཅིག་མ་གྱོན་ན༵།།

པ༵་ཊུ་མཁས་པའི་གྲས་སུ་ཡོད་ནོ་གཤོབ་ཟིག་ཡིན་ན་དྲིན་ཆེན་ཕ༵།།

བ༵་ཚྭའི་ཆུ་བཞིན་འཁོར་ཆོས་བརྐམས་པས་ཁོ་བོའི་དཔེ་ཟླ་འདོད་འགྲོ་མ༵།།


ཙ༵་རེར་འཁོར་བའི་ཆོས་ལ་འཆེལ་བས་རང་ངོ་མ་རྟོགས་ངོ་རེ་ཚ༵།།

ཛ༵་ཏི་ཤིང་གི་ལོ་མ་ཇི་བཞིན་ཡིད་སྲུབས་བདོ་བའི་འཇམ་ཁྲམ་ཝ༵།།

ཞ༵་འཐེང་རྒན་པོ་ཞིག་ཀྱང་མི་དོ་གཞིས་སུ་ནར་མ་ཁོ་ནར་ཟ༵།།

འ༵་འུར་བུན་ལོང་ངང་དུ་འདའ་བའི་རྒྱུས་མེད་གྲོང་གི་ཁྱི་ལྡོམ་ཡ༵།།


ར༵་མ་ལུག་གི་རྟུལ་ཞུགས་འོག་ནས་སྣ་ཚོགས་ཡིད་ཀྱི་འཆར་སྒོ་ལ༵།།

ཤ༵་ཆང་ལ་སོགས་ནར་མར་སྤྱོད་པའི་འདུ་འཛིས་ཡིད་རབ་འགེམས་པའི་ས༵།།

ཧ༵་ལམ་སེམས་སུ་འཛེམ་བག་མེད་པར་ཀུན་ལ་གཉུལ་བའི་ཕུང་གསུམ་ཨ༵།།

ཨ༵་མཚར་མ་ཡིན་རང་ངོ་འཛིན་ཕྱིར་རང་གིས་རང་ལ་གཤེ་བ་ལགས།།

  1. 9. 24

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/10/17 བལྟ་ཀློག (4795)