ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཆང་སྟོན་བཤམས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་བསུ་བ།

༄༅།།ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཆང་སྟོན་བཤམས་ནས་རྒྱལ་ཁབ་ཕྱི་
ནང་གི་གསར་འགོད་པ་བསུ་བ།

མི་དམངས་དྲ་བའི་འཕྲིན།

     ཟླ་10ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་པེ་ཅིང་མེ་ཏི་ཡ་མགྲོན་ཁང་དུ་ཆང་སྟོན་བཤམས་ཤིང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་500ལྷག་གདན་ཞུས་ལྟར་ཆང་སྟོན་ལ་ཞུགས་པ་རེད།
     ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ཚོགས་ཆུང་གི་ཚོགས་གཙོ་ཧོང་ཁུང་མིང་གིས་ཚོགས་ཆེན་བཅུ་དགུ་པར་བཅར་འདྲི་དང་གནས་འཕྲིན་སྤེལ་བར་ཡོང་བའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུ་བ་བསྟན་པ་དང་། ཁོང་གིས་འཚོག་གྲབས་ཡོད་པའི་ཚོགས་ཆེན་བཅུ་དགུ་པ་ནི་ཀྲུང་གོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ཐོབ་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གནད་འགག་ཆེ་བའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཧ་ཅང་ཆེ་བའི་ཚོགས་ཆེན་ཐེངས་ཤིག་རེད། ཚོགས་ཆེན་གྱིས་སྒོ་སྔར་ལས་ཆེན་པོ་འབྱེད་པའི་སྤྱོད་ཚུལ་བཟུང་ནས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱིས་བཅར་འདྲི་བྱ་རྒྱུར་དགའ་བསུ་ཞུ་བ་དང་། གསར་འགྱུར་མགྲིན་ཚབ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་གསར་འགོད་པ་སྣེ་ལེན་ཚོགས་འདུ་ཐེངས་མང་འཚོག་པ།  "ཏང་གི་འཐུས་མིའི་བགྲོད་ལམ"བཀོད་སྒྲིག་བྱེད་པ་བཅས་ཀྱི་སྒོ་ནས་ལས་སྒྲུབ་དང་འཚོ་བའི་སྟབས་བདེའི་མཐུན་རྐྱེན་མཁོ་འདོན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོས་ཚོགས་ཆེན་བཅུ་དགུ་པའི་གནས་འཕྲིན་སྤེལ་བའི་ལས་འགན་ལེགས་འགྲུབ་བྱེད་པར་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་རེད། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོས་འཛམ་གླིང་ཡོངས་ལ་ཚོགས་ཆེན་བཅུ་དགུ་པའི་གཟབ་རྒྱས་གནས་ཚུལ་འགྲེམས་སྟོན་གང་ལེགས་དུས་ཐོག་ཏུ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དང་རྒྱལ་སྐྱོང་ཇུས་གཞི་ཆེན་པོ་ཕྱོགས་ཡོངས་ནས་ཁྱབ་སྤེལ་ཡང་དག་པར་བྱས་ཏེ་ཀྲུང་གོར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་ཚུལ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་ཕྱི་རོལ་ཡུལ་དང་མཐུན་ཞིང་དྲང་བདེན་ངང་མཚོན་པར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     གསར་འགྱུར་ལྟེ་གནས་ཀྱི་འདོན་སྤྲོད་བྱས་པའི་གཞི་གྲངས་ལ་གཞིགས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པར་རྒྱལ་སྤྱི་རྒྱལ་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱིས་དོ་ཁུར་ཁྱབ་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་3068ཚོགས་ཆེན་བཅུ་དགུ་པར་བཅར་འདྲི་དང་གནས་འཕྲིན་སྤེལ་བར་ཡོང་བ་དང་། དེའི་ཁྲོད་དུ་ཀང་ཨའོ་ཐའེ་གསུམ་གྱི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ་1818ཟིན་ཞིང་། ཚོགས་ཆེན་བཅོ་བརྒྱད་པའི་སྐབས་དང་བསྡུར་ན་6.7%འཕར་ཡོད་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་རྒྱལ་ཁབ་134ནས་ཡོང་བ་ཡིན་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་དུས་དང་བསྡུར་ན་19.6%འཕར་ཡོད་ཅིང་། འཛམ་གླིང་གླིང་ཆེན་ལྔ་ཡོངས་ལ་ཁྱབ་ཡོད་པ་རེད།

༄༅།།ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཆང་སྟོན་བཤམས་ནས་རྒྱལ་ཁབ་ཕྱི་
ནང་གི་གསར་འགོད་པ་བསུ་བ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/10/17 བལྟ་ཀློག (7809)