སྟོན་མཇུག་གི་སྨྲེང་བ།


སྟོན་མཇུག་གི་སྨྲེང་བ།

གྱད་མི།

      མཚན་མོ་ནི་མུན་པ་ཞིག་ཡིན་ལ་མཐོང་ལམ་སྒྲིབ་བྱེད་ཀྱི་མུན་པ་འདིའི་རྗེས་སུ་ཉི་མ་ཟེར་བ་ཞིག་ཤར་རྒྱུ་ཡོད་པ་ནི་རང་བྱུང་ཁམས་སུ་རྒྱུན་ལྡན་ཞིག་ཡིན། དུས་ཚོད་ཀྱི་སོ་བར་ལ་འཐག་བཞིན་པའི་ནམ་ཟླ་དབྱར་ཁར་མེ་ཏོག་གི་འདབ་མ་ལྡེམ་བཞིན། འབྲོག་ཡུལ་གྱི་སྒོ་ཟོག་དག་ག་ཤེད་ལ་གཤར་བཞིན་འུར་ཆ་བཟུང་བའི་རྫི་བོ་ཚོའི་གླུ་དབྱངས་ནི་ནམ་མཁའ་དང་ས་གཞི་གཉིས་ཀྱི་བར་དུ་འཁྱིལ་ནས་ཡོད།


        ཨེ་མ་དབྱར་ཁ། ང་ཡི་དབྱར་ཁ།  སྨིན་པའི་ནམ་ཟླ།  དྲོ་བའི་ཟླ་གསུམ།   ནམ་ཟླ་འདི་ནི་ཅི་འདྲའི་མཛེས་ལ་ཅི་འདྲའི་སྨིན།  དབྱར་ཁ་ནི་ང་ལ་དབང་བའི་ཁེར་རྐྱང་གི་རོལ་མོ་དཀྲོལ་ས་དེ་ཡིན།


     ཡིན་ནའང་། དབྱར་གཞུང་གི་ས་སྲོད་ཞེ་ལ་ཐོགས་ཀྱང་།  ང་རང་དབྱར་གྱི་མུན་པར་རབ་ཏུ་དགའ་ནའང་།  སྨྲ་བསམ་བརྗོད་འདས་ཀྱི་དབྱར་གཞུང་གི་ཞོགས་པ་ང་ཡི་ལུས་སེམས་དང་འབྲལ་ཐབས་མེད་ཀྱང་།   རྨི་ལམ་ནས་གཤོག་པ་ཐོགས་མྱོང་བའི་དབྱར་གྱི་ལེའུ་དང་གཏན་དུ་བྲལ་མི་འདོད་ཀྱང་།


      ང་ཡི་རྫོགས་མི་ཚར་བའི་གཏམ་རྒྱུད་ཀྱི་གླེམ་བམ་མཐུག་པོའི་དབྱར་གཞུང་གི་མཛེས་སྡུག་ནི་སྐད་གཅིག་མ་དེར་ཡོལ་སོང་། ཉི་འོད་ཀྱི་ཚ་གདུང་སྔར་ལས་ཇེ་ཞན་དུ་གྱུར་རྗེས།  ངའི་སེམས་སུ་སྨྲེང་བའི་རླུང་བུ་ཞིག་ལྡང་སྟེ་ནང་གི་གློ་མཆིན་དག་འཁྱག་པས་འཐམས་སོང་།

     ཉིན་འདི་གར་ཚ་གདུག་ཇེ་ཆེ་ནས་ཇེ་ཆེ་མ་ཡིན་ལ་ཇེ་ཆུང་ནས་ཇེ་ཞན་དུ་འགྲོ་བཞིན་ཡོད།   སྟོན་མཇུག་འདིར་ང་རང་ཞག་གང་བོར་གཉིད་མ་ཁུགས།  ཕྱི་རོལ་ནི་ལྷགས་རླུང་གིས་བཅོམ་ཟིན།  གྲང་ཤུར་ཤུར་གྱི་ལྷགས་རླུང་གཡོལ་བའི་ཕྱི་རོལ་སྐྱ་བོ་འདི་རིག་བཞིན།  ང་རང་འདར་སིག་སིག་ངང་སྐྱིད་སྡུག་གང་ལའང་འཕྲད་སྐབས་ཐོག་མ་ཞེ་ལ་ཐོགས་པའི་ཕ་ཡུལ་དྲན་བྱུང་།  ལག་པ་བསྲིངས་ཀྱང་མི་ཟིན་པའི་དབྱར་ཁ་ནང་བཞིན་གྱི་ཕ་ཡུལ་དྲན་བྱུང་།

     མདའ་ལས་རྣོ་བའི་ཁ་བ་བུ་ཡུག་ཁྲོད་ཀྱི་མེ་ཏོག་དེ་རལ་སོང་།   དབྱར་ཟླ་དྲུག་པའི་ནང་གི་གསང་སྙན་དིར་དིར་སྒྲོག་པའི་ཁུ་བྱུག་དག་ཡལ་སོང་།  སྟོན་མཇུག་ཡ་སྟོན་མཇུག་གི་ཁྱིམ་ཚང་འཁྱག་པོ།  སྟོན་ནང་གི་ང་རང་རང་བྱུང་ཁམས་སུ་འཚོ་མི་འདོད་པ་འདི་ཁྱེད་ཀྱི་ལེགས་སྐྱེས་ཡིན་ནམ།   ངའི་སྙན་ངག་འབྲི་སའི་གཙང་འགྲམ་ན་དར་ཁ་ཆགས་བྱུང་བ་དེ་ཁྱེད་ཀྱིས་ང་ལ་བྱིན་པའི་བརྩེ་དུང་ཡིན་ནམ།

2017/11/14ཉིན་བྲིས་ཚར།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/12/17 བལྟ་ཀློག (2034)