འབྲོག་མི་ཡར་སྐུལ་ཚོགས་པའི་སྤྱི་ཕན་བྱ་འགུལ།

འབྲོག་མི་ཡར་སྐུལ་ཚོགས་པའི་སྤྱི་ཕན་བྱ་འགུལ།

      2018.1.25ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གི་གཙང་ཞོལ་མ་ས་གནས་ཀྱི་༼འབྲོག་མི་ཡར་སྐུལ་ཚོགས་པའི་༽ལྷག་བསམ་རྣམ་དག་གིས་མི་རིགས་ལ་ཞབས་འདེགས་ཞུས་ཤིང་རིག་གཞུང་ལ་བྱ་ར་བྱེད་པའི་ཕ་སྐད་འགྲན་སྡུར་གྱི་བྱ་འགུལ་ཞིག་བསྡུས། ཕྱོགས་ནས་འགྲན་ཞུགས་པ་ནི། སི་ཁྲོན་རྔ་བ་དང། ཁང་སར། སོག་རི་མ། སྨིན་ཐང་། རྐྱང་ཆད། སྦྲ་སར་གྱི་ཕ་སྐད་ཚོགས་པ་བརྒྱད་སོགས་འདུས་ཡོད།


ཚོགས་སྟེང་དུ་༧ བཀའ་བཅུ་རབ་འབྱམས་པ་དགེ་བཤེས་ངག་དབང་བཀྲ་ཤིས་མཆོག་གིས་ཕ་སྐད་ཕྱོགས་ཀྱི་གསུང་བཤད་གལ་ཆེན་གནང་།

དམེ་གཙང་འཇིགས་མེད་རྒྱ་མཚོས་ཀྱང་ཕ་སྐད་རྒྱུད་འཛིན་དང་དེང་རབས་བོད་ཀྱི་སྐད་ཆ་འཐུས་ཚང་ཞིག་བཤད་ཐུབ་པའི་སེམས་གཏམ་དང་འབོད་སྐུལ་བསྒྲགས།

   འདི་འདྲའི་ཕ་སྐད་ཀྱི་བྱ་འགུལ་སྤེལ་བ་ནི།  རྟ་རྒྱུགས་འགྲན་སྡུར་དང་སྤོ་ལོ་འགྲན་སྡུར་སོགས་མི་རེ་འགས་རྒྱུ་ནོར་གྱི་ཁེ་ཕན་ཁོ་ན་དམིགས་པ་མ་ཡིན་པར། མི་རིགས་ཤིག་གི་རིག་གནས་སྲུང་བརྩི་དང་། རིག་གནས་ཤིག་གི་དར་རྒུད་ལ་བསམ་གཞིག་གཏོང་སྟངས་རེད། ༧པན་ཆེན་རིན་པོ་ཆེ་མཆོག་གིས།  མེད་པར་གཏོང་བའི་བྱེད་ཐབས་ནི། མི་རིགས་ཀྱི་སྐད་ཡིག་མི་སློབ་པ་དང་། སློབ་ཏུ་མི་འཇུག་པ་དེ་རེད།  ཅེས་གསུངས་པའི་སྡོམ་ཚིག་དང་གཉིས་སུ་མ་མཆིས་པའི་དུས་འདིར། ཕ་སྐད་ནི་མི་རིགས་ཀྱི་བླ་སྲོག་ཡིན་པ་དང་། བླ་སྲོག་ལ་གཅེས་སྲུང་མི་ཤེས་མཁན་དང་ཤེས་ཀྱང་མི་བྱེད་མཁན་ནི་ཅི་འདྲའི་ཡིད་སྐྱོ་བའི་གནས་ཤིག་མ་ཡིན་ནམ། བཤད་ཚུལ་ཞིག་ལ། ཕ་སྐད་མེད་པའི་མི་རིགས་ནི། རྣམ་ཤེས་མེད་པའི་མི་རིགས་ཡིན། ཟེར་བ་ལྟར་སྐད་ཡིག་གིས་མི་རིགས་ཤིག་གི་རིག་གནས། ཡུལ་སྲོལ་གོམས་གཤིས། བསམ་བློ་འདུ་ཤེས་སོགས་མཚོན་ཡོད།

      དེའི་ཕྱིར་ཕ་མེས་ཡང་མེས་ཀྱི་སྐད་ཆ་བརྗེད་མི་ཉན་ལ། དེའི་སྟེང་དུ་དེང་རབས་བོད་ཀྱི་སྐད་ཆ་འཐུས་ཚང་ཞིག་བཤད་ཐུབ་པར་ཤུགས་སྣོན་དང་འབད་བརྩོན་བྱེད་རྒྱུ་རེ་འབོད་ཞུས་པ་ཡིན།  གྲྭ་གྲོང་དང་རྒན་གཞོན། ཕོ་མོ་ལ་དབྱེ་འབྱེད་མེད་པར་ཕ་སྐད་དག་མ་བཤད་པར་གཙང་མ་གཙང་རྐྱང་གིས་ལོ་རེ་བཞིན་རྒྱུ་ཚེགས་གཉིས་ལ་མ་འཛེམ་པར་བྱ་འགུལ་སྤེལ་བ་ནི། འབྲོག་མི་ཡར་སྐུལ་ཚོགས་པའི་རླབས་ཆེན་གྱི་བྱ་བ་ཡིན་ལ། ས་གནས་མི་རིགས་ལ་ཕ་སྐད་གཙང་དག་བཤད་པའི་འབྲོག་མི་དཀྱུས་མ་འགས་རེ་ཞུ་རེད།  བཀའ་དྲིན་ཆེ།

ཞེས་དམེ་གཙང་འཇིགས་མེད་རྒྱ་མཚོས།

ཚོགས་རའི་ཟུར་དངོས་ཤིག

རྒྱུགས་ལེན་བཞིན་པའི་ཡུལ་དངོས།

རྒྱུགས་ཞུགས་ར་བ།

བྱ་དགའ་ཐོབ་པའི་ཡུལ་དངོས།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/1/27 བལྟ་ཀློག (3585)