བེ་མིག་གི་རྩོམ་བཏུས་ཁག་བཅུ་བདུན་པ།

མཚན་གུང་རང་སེམས་བཀླགས་པ།

བེ་མིག༼རྨ་ལྷོ༽


སྐར་མའི་ཚོགས་ཀྱིས་མཚན་མོའི་སྙིང་གཏམ་བརྡོལ།།

ཟླ་བ་སྨྲེང་བའི་བཞིན་ཞལ་ཆུ་གཟིགས་མཇལ།།

མུན་པའི་ཡོལ་བ་འཐེན་པའི་མགྲོན་ཁང་འདིར།།

སྨྲེང་བ་ཁུར་བའི་སེམས་འདི་དངན་པ་ལྕི།།


ཐམས་ཅད་ཆ་རུ་བསྡེབས་ནས་གཉིད་དུ་ཡུར།།

སུན་སྣང་སྣང་བ་རྒོད་པས་བདག་གི་ལུས།།

འཕག་འཚག་ག་ཙམ་བརྒྱབ་ཀྱང་གཉིད་ཐབས་བྲལ།།

སང་ཞོགས་ཞེ་འདྲེས་སུ་ཡི་ཟུར་མིག་རྒོད།།


མཚན་མོ་མུན་པའི་ངམ་ཁ་མཐུག་པོ་ཡིས།།

བདག་སེམས་རྨོངས་པར་བཅུག་ནས་ཨ་ཐང་ཆད།།

ཁེར་རྐྱང་འཚོ་བ་སྡུག་པོའི་ཁ་ཡིག་གི།།

དོ་དགུང་ཆིག་ལབ་མོད་པོའི་མལ་ཁྲི་སྨྲེང་།།


མཚན་གུང་སེམས་པ་སྨྲེང་བའང་སྐྱོ་རོགས་དབེན།།

འཇག་རྩྭའི་ཤུགས་གླུ་འཐེན་པ་རྣ་བར་གཟན།།

ཚོར་སྣང་ཨེན་ཙམ་གཟུགས་སུ་འཁྱུག་པ་འདིས།།

དོ་དགོང་སྙན་ངག་བུ་མོའང་སྨྲེང་བར་ངེས།།


ཞེན་ཆགས་གང་ལ་ལྕི་བའི་མཚན་ཕྱེད་འདིར།།

ཡོད་ཚད་གཉིད་དུ་ཡུར་བའི་ངུར་བ་རྒོད།།

ས་འོག་ས་སྟེང་བར་སྣང་ཡོད་དོ་ཅོག།

མ་འོངས་རེ་འདུན་རུམ་ནས་གཉིད་ལ་ལོག།


ཤོག་སྨྱུག་ཟད་ཀྱང་རེ་འབྲས་དོན་མེད་པའི།།

བདག་ཉིད་ཁོ་ན་མཚན་མོ་འདི་ཡི་མགྲོན།།

སོར་བཅུ་འཁྱུག་པའི་རྩལ་གྱིས་བྲིས་པའི་སེམས།།

མཚན་གུང་སྙན་ངག་རྫོབ་པོའི་ཁ་ཡིག་ཅིག།


མཚན་གུང་མལ་ཁྲི་ཧྲིལ་བོ་བདེ་བ་འཁྱིལ།།

སྙིང་གཏམ་བདེ་དགའི་མལ་ཐུལ་དྲོད་ལམ་ལམ།།

ཁེར་རྐྱང་ཟླ་བ་སྨྲེང་བའི་སྡུག་གཏམ་དེ།།

སུ་ཡིས་མ་གསན་རླབས་ཀྱི་རི་མོར་བབས།།


བདག་སེམས་སྨྲེང་བའི་སུན་སྣང་ཤིན་ཏུ་རྒོད།།

མུན་ནག་མཚན་མོ་རིང་མོ་ལོ་ལས་རིང་།།

དགུ་ཚིགས་སྐྱ་མོ་འགྲོས་དང་དཔུང་གཉོམ་པའི།།

བདག་སེམས་སྐྱོ་བའི་མཐའ་ལ་སངས་ཐབས་དཀོན།།


ལྷག་པར་མཚན་གུང་སེམས་སུ་ལྷུང་བ་ཡི།།

ཞེ་སེམས་སྨྲེང་བའི་དངན་པ་ཐན་ཐུན་འདི།།

ཚིག་གིས་བཞེངས་པར་མི་ནུས་བྲི་མ་ནུས།།

ཇི་བཞིན་བརྗོད་པའི་སྙན་ངག་འཁུམས་སོ་སྐད།།


རང་བཞིན་བརྗོད་པའི་རྒྱན་སོགས་གང་དག་གི།།

བྲི་བར་མི་ནུས་དོ་ནུབ་བདག་གི་སེམས།།

མཚོ་ནང་ཟླ་གཟུགས་ཤར་བ་ཇི་བཞིན་དུ།།

རེག་པའི་སྐལ་བ་མ་མཆིས་འཛིན་མ་གྱུར།།


དོ་ནུབ་བདག་སེམས་སྨྲེང་བའི་ཚུལ་ཀ་འདི།།

ཞེ་འདྲིས་སྐར་ཚོགས་དག་གིས་མཐོང་ངམ་ཅི།།

ཁ་རོག་ཁེར་དགོད་བྱས་ཏེ་ལྷུག་ལྷུག་དགོད།།

ཁོ་བོ་སྐྱོ་བའི་མིག་ཆུས་མལ་ཐུལ་བརླན།།


སེམས་པ་ཐང་མར་བརྡལ་ཡང་མི་ཕན་པས།།

མགོ་བོ་བྲང་ཁར་སྦྱར་ནས་སྐང་ར་བྱས།།

འཇིག་རྟེན་མི་རྟག་དྲན་པའི་དྲན་མགུར་གྱིས།།

ད་ནི་རང་སེམས་གསོས་ཏེ་གཉིད་དགོས་འདོད།།


མིག་ཟུང་ཡུན་ཙམ་བཙུམ་ནས་གཉིད་འདོད་ཀྱང་།།

མུན་པ་མཐུག་པའི་རང་སེམས་འཇིགས་ཡེ་རེ།།

ཅི་ཙམ་བྲིས་ཀྱང་རྫོགས་པར་མི་ནུས་ཤིང་།།

ཅི་བཞིན་བརྗོད་པ་དེ་བས་མི་ནུས་པས།།


དོ་ནུབ་སེམས་ཀྱི་དྲན་པ་རབ་རིབ་ཅིག།

སྣང་བ་མག་མོག་ལུས་སེམས་ལྗིད་ཏིག་ཏིག།

ངག་རིག་སྒྱུ་རྩལ་དེ་ཡང་སྟོང་སོ་སྐད།།

མཚན་གུང་སྨྲེང་བའི་བདག་སེམས་ཉམ་རེ་ཆུང་།།


སྤྱི༢༠༡༧/༨/༣༠ཉིན་གཉིད་མ་ཁུག་པའི་མཚན་མོ་དེེར།



གདུང་ཤུགས་དྲག་པོའི་གསོལ་འདེབས་ལན་གཅིག



ལོག་རྟོག་ཐོར་རླུང་ལྡང་བས་གཡེར་དྲིལ་སིལ་སིལ་གྲགས་སྐད།།

དབེན་པའི་སྒོམ་ཆེན་དཀྲོགས་པ་ཟླ་བ་མཁའ་རུ་ཤར་འདྲ།།

ལུང་རིགས་རྩོད་གྲྭ་རྒོད་པས་ཞེ་སྡང་བུད་ཤིང་བསྲེགས་ཀྱང་།།

རང་རྒྱུད་གླང་སྨྱོན་མ་དུལ་ལས་ཉོན་རྦ་རླུང་རབ་འཁྲུགས།།


སྙིགས་དུས་སྐལ་སྨད་མཐའ་ཡས་དམྱལ་བའི་སྲིད་མཚོར་ལྷུང་བས།།

ཕས་རྒོལ་འཛོམས་པའི་དམ་པ་རྒྱུ་འབྲས་གྲོང་མཐར་འཁྱམས་སོ།།

སྒོམ་བཟླས་དོན་ལ་མ་གཞིགས་བཟང་བརྫུ་ལེ་ལོ་ཅན་བདག།

གཏེར་ཆེན་ཐུགས་རྗེའི་ཀློང་ནས་མྱུར་དུ་ཐར་ལམ་ཕྱེ་ཞིག།


མི་རིང་འཆི་བའི་འཇིགས་པ་རང་རང་མངོན་དུ་མཐོང་ཡང་།།

བདག་སྙིང་གོར་མོ་རྡོ་ཡི་རང་བཞིན་སྙིང་མེད་སྨྱོན་པ།།

ལེ་ལོའི་ཕྱི་བཤོལ་འདས་ཏེ་མི་ཚེ་རླུང་ལ་བསྐུར་བའི།།

སྐལ་ཆད་སྙིང་མེད་སྨྱོན་པ་ཁོ་བོ་མྱུར་དུ་དྲུངས་ཤིག།


ཚིག་གི་གད་སྙིགས་སྤུངས་པས་བདག་བློ་ཚིམ་པའི་གོ་ནོར།།

ཐར་བའི་ལམ་ལ་མ་གཞིགས་འཇིག་རྟེན་ཟང་ཟིང་ཆགས་པ།།

གཉིད་དང་ལོག་འཚོར་རྒྱུགས་པའི་དཀོར་མཁན་བྲེད་པོ་ཁོ་བོ།།

བླ་མའི་ཐུགས་རྗེས་ལྕགས་ཀྱུས་མྱུར་དུ་འདྲེན་ལ་རེམ་ཞིག།


ཉོན་མོངས་ཉིད་ལ་ཡོངས་རྒྱུག་ཚེ་དང་ཚེ་རབས་ཀུན་ཏུ།།

འདི་དང་ཕྱི་མ་ཀུན་ཏུ་ཐར་བའི་ལམ་སྣ་མ་ཟིན།།

བླང་དོར་གོ་ལོག་བདག་ལ་ངེས་འབྱུང་སྐད་ཅིག་སྐྱེ་བའི།།

དཔལ་ལྡན་རྩ་བའི་བླ་མའི་ཐུགས་རྗེས་བརྩེ་བའི་སྐྱོངས་ཤིག།


བདག་སོར་སྙིང་ཁར་སྦྱར་ནས་རྩེ་གཅིག་གསོལ་བ་བཏབ་པས།།

བདག་ཡིད་པདྨོའི་མཚོ་རུ་སྐྱབས་མཆོག་ཁྱོད་རང་བྱོན་ཏེ།།

བདག་དང་མཁའ་མཉམ་འགྲོ་བ་ཉོན་མོངས་ནད་ཀྱིས་གདུང་བ།།

མ་ལུས་བདུད་རྩིའི་ཆར་འབེབས་མྱུར་དུ་བགྲོད་བར་མཛོད་ཅིག།


མ་རིག་མུན་པའི་བསྒྲིབས་པའི་བདག་བློ་སེལ་བར་མཛོད་ལ།།

ཉིན་མཚན་དྲན་ཤེས་བསྐྱེད་དེ་རྣམ་དཀར་དགེ་ལ་བརྩོན་པའི།།

ཟབ་ལམ་མཐོ་རིས་མཛད་ཆེན་ངས་ཀྱང་ནུས་པར་བྱེད་པ།།

སྐྱབས་མཆོག་བླ་མ་དམ་པའི་གདོངས་གྲོགས་རིང་དུ་མཛོད་ཅིག།


རབ་བྱུང་བཅུ་བདུན་ལོའི་གསེར་འཕྱང་ཞེས་པ་མེ་མོ་བྱ་ཡི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་བཟང་བོ་དང་བོར་སྦྱར།

                                                                                              


རྨི་ལམ་འཁྲོལ་བའི་སྙན་ངག

                               

རུ་སིལ་གཉིད་དུ་ཤོར་བའི་མཚན་གུང་དུ།།

མུན་པའི་ཡོལ་བ་འཐེན་པའི་སྒེའུ་ཁུང་འགྲམ།།

ལྐོག་ཏུ་ཨ་ཤུ་འཐེན་པའི་ཁོ་བོ་ཡིས།།

སོར་བཅུ་འཁྱུག་པའི་སྟངས་སྟབས་འཁྱ་མ་འཁྱོར།།


ཁེར་རྐྱང་མལ་ཐུལ་འཁྱགས་པའི་བསྡམས་པའི་ཚེ།།

སྣང་བའི་ཐོར་རླུང་རྒོད་པོས་བདག་སེམས་དཀྲིགས།།

བརྩེ་བའི་གྲོགས་ཀྱི་མགོ་བོ་གཞན་ལ་བསྙེས།།

རེ་ཐག་ཆད་པའི་བདག་བློ་སྨྲེང་ནས་ཐལ།།


མི་ཚེ་རླུང་ལ་སྐུར་བའི་ཁོ་བོའི་སྒྲུང་།།

དོ་ནུབ་ཤོག་སྨྱུག་ཟད་པའི་རྒྱུ་རུ་བབས།།

མཚན་གུང་རང་སེམས་འཁྲོལ་བའི་སྙན་ངག་འདི།།

རང་སེམས་རང་གིས་གསོས་པའི་དྲན་རྟགས་ཉིད།།


རྒྱུ་སྐར་ཆ་རུ་སྡེབ་ནས་གཉིད་དུ་ཡུར།།

ཟླ་བའི་ཞེན་ཆགས་རུམ་ནས་མཚན་རིང་བསྐྱེལ།།

ངས་ཀྱང་ཨམ་གཙུགས་བསྡམས་ནས་མིག་ཟུང་བཙུམ།།

མཚན་གུང་སྒྱུ་མའི་ལྟད་མོ་ཁྲི་མ་འབུམ།།

ཡེ་ལོ2017 9 20 ནམ་ཕྱེད་དུ།


ཚེ་འདི་ཕྱིའི་སྨོན་ལམ་ཨ་ཙ་མ།


གཉིད་དང་བྲེ་མོའི་གཏམ་དང་བཟའ་བཏུང་སོགས།།

ཅི་དགར་ལོངས་སྤྱོད་འཇིག་རྟེན་རྩེད་འཇོའི་གཡེང་།།།

གཉེན་དང་མཛའ་གྲོགས་དག་ལ་ཞེན་གྱུར་བས།།

ཤ་ཉེ་ཕྱོགས་ཞེན་འཁོར་བའི་ཆགས་སྡང་རྒོད།།

ལས་དང་རྒྱུ་འབྲས་སྣང་མེད་གོ་ལོག་བཟློག།

མི་རིང་འཆི་བའི་ཕེན་པ་རྫོགས་པའི་དུས།།

གནོང་འགྱོད་སྡུག་བསྔལ་ཁུར་ནས་འགྲོ་གྱུར་ན།།

བཟང་བརྫུ་ཉོན་མོངས་ཅན་བདག་བྲེད་ཤ་ལངས།།

སང་ཞོགས་གློ་བུར་ཚེ་སྲོག་རྫོགས་ཀྱང་སྲིད།།

ཨ་ཤུ་མི་ཚེ་སྟོང་བར་ཟད་ནས་ཐལ།།

སྐྱབས་གཅིག་དབྱེར་མེད་མགོན་པོ་འོད་དཔག་མེད།།

ལས་ངན་དམྱལ་བའི་སྡུག་བསྔལ་མེད་པར་ཤོག།

ཀུན་དུ་སེམས་ཅན་གཞན་ལ་གནོད་མེད་ཤོག།

རྫོགས་པའི་ས་ལམ་མྱུར་དུ་ཐོབ་པར་ཤོག།

ཕྱི་མ་མི་ཡི་ལུས་སུ་སྐྱེས་གྱུར་ཡང་།།

མི་ཚེ་ཡུན་ཐུང་མི་རྟག་དྲན་པར་ཤོག།

དྲན་ནས་དོན་ལྡན་མི་ཚེ་ལེན་པར་ཤོག།

ཕ་མ་དྲིན་ཅན་ཅི་གསུང་བསྒྲུབ་པར་ཤོག།

ཟླ་མེད་གྲོགས་མཆོག་བརྩེ་བ་བརྟན་གྱུར་ཞིང་།།

ཀུན་ལ་རྫུན་གྱི་འཁོར་ལོ་སྤོངས་པར་ཤོག།

ནོར་ལ་སེར་སྣ་བྲལ་བའི་སྦྱིན་གཏོང་རོགས།།

རུ་སྡེ་རྒན་གཞོན་ཨ་ལན་སྦྲེལ་བར་ཤོག།

ཨ་ཧོ་ཁོ་བོ་སྙིང་མེད་སྨྱོན་པ་ཉིད།།

དགེ་བའི་བཤིས་དང་བྲལ་མེད་རྗེས་བཟུང་ཞིང་།།

རབ་བྱུང་ངུར་སྨིག་ཞིང་ལ་མཆོད་པར་བསྒྲུབས།།

རྒྱལ་བའི་བཀའ་ལ་ཉམས་སུ་བླངས་ནས།།

མཐའ་ཡས་སེམས་ཅན་ཕམ་པ་ཅུང་ཟད་ཅིག།

ཚེ་གཅིག་ཕྲན་ཙམ་བསྒྲུབ་པར་གྲོགས་མཛོད་ཅིག།

ཨ་ཤུ་འཁོར་བ་དོན་མེད་ཤེས་ནས་ཀྱང་།།

རྣམ་གཡེང་ལེ་ལོ་བྲལ་བའི་བརྩོན་པ་ཞིག།

བཅོས་མིན་སེམས་པའི་གཏིང་དུ་གནས་པར་ཤོག།

མི་དགེའི་ཉེས་དམིགས་ཅི་ལྟར་མཐོང་གྱུར་ཡང་།།

སྙིང་མེད་འགྲོ་བ་བདག་ཅག་འཇིགས་རེ་གཡའ།།

ད་དུང་བྱ་རྒྱུ་མི་དགེ་ཉོན་མོངས་ཉིད།།

ཀྱེ་ཧུད་དཔལ་ལྡན་བླ་མའི་ཐུགས་རྗེ་གཟིགས།།

འདི་ཕྱི་ཀུན་གྱི་སྐྱབས་མཆོག་ཁྱེད་ཉིད་མཁྱེན།།

མཁྱེན་ནོ་མཁྱེན་ནོ་དཔལ་ལྡན་བླ་མ་མཁྱེན།

ཧོར2017/11/30ཉིན་རང་ཡུལ་དུ་ཅོལ་ཆུང་བ་བེ་མིག་ཏུ་འབོད་པས།


རང་ལ་གདམས་པའི་གཏམ།

                     


སོ་སོ་སྐྱེས་བུ་སྐྱིད་སྡུག་འདྲེས་མའི་འཚོ་བ་ཞིག།

ལ་ལ་ངུས་ནས་མི་འདོད་སྡུག་གི་མཆུ་མ་འཛགས།།

ལ་ལ་དགའ་ནས་སྨྱོན་པའི་གར་ལ་འཕང་མེད་རྩེན།།

འཁོར་བའི་གནས་ན་ཡིད་བརྟན་སྙིང་བོ་མ་མཆིས་པ།།

འུ་ཅག་ཚང་མའི་མིག་གིས་མཐོང་བ་དངོས་ཡོད་ཉིད།།

དེ་ཡང་རྨོངས་པ་སྟུག་པོའི་གཉིད་ལས་མི་སད་པ།།

འུ་ཅག་ཐམས་ཅད་རྟག་བློའི་བཟུང་བ་འདི་ཡིས་བསླུས།།

རང་སེམས་མ་དུལ་གླང་སྨྱོན་རྒོད་པོའི་སྨྱོས་གྱུར་ནས།།

ཡུན་ཐུང་མི་ཚེ་མི་རྟག་དུས་ལ་མ་གཞིག་པར།།

རང་ཉིད་གདོན་གྱིས་བསླུས་པ་ད་རེས་མི་འགྱོད་དམ།།

གང་གི་ཐུགས་རྗེའི་རྗེས་བཟུང་བཀའ་དྲིན་མི་སོམས་པར།།

བཟང་བརྫུ་གདོང་འབག་གྱོན་པའི་རང་ཉིད་རང་གིས་བསླུ།།

ལུས་ངག་ཡིད་གསུམ་མི་དགེའི་ལས་ལ་རྟག་པར་རྒྱུག།

རང་འཛིན་རང་མཆོག་བློ་ངན་འདི་ཡིས་དམ་བཅིངས་པས།།

དོན་ལྡན་དལ་བའི་རྟེན་བཟང་རིན་ཆེན་ཆུ་ལ་བསྐུར།།

ཉིན་མཚན་དཔེ་ཀློག་བྲལ་ཏེ་བག་མེད་རྩེད་འཇོ་གཡེང་།།

དབང་མེད་འཆི་བདག་རང་གི་འཁོར་ལས་ཤེེས་གྱུར་ཡང་།

ད་དུང་རང་ཉིད་ནམ་འཆིའི་ངེས་མེད་མི་བསམ་པར།།

ཚེ་འདི་བྱ་རྒྱུ་ལས་སྤྱོད་གང་ཡིན་སྡིག་ལ་རྔམས།།

འཇིགས་རུང་དམྱལ་བའི་སྡུག་བསྔལ་ཡུན་ཙམ་མི་དྲན་པར།།

ཐར་བའི་ལས་ལ་མི་བརྩོན་འགྲོ་བ་འུ་ཅག་འཇིགས་རེ་གཡའ།།

ལྟ་སྒོམ་ཐོས་བསམ་མི་འབད་མི་བུ་འུ་ཅག་རེ་ཐག་ཆད།།

བསམ་ཞིང་བསམ་ན་འུ་ཅག་ཐམས་ཅད་སྨྱོས་ནས་གདའ།།

རྟག་ཏུ་འབྲལ་མེད་བླ་མ་གང་གི་བྱིན་མཐུ་ཡི།།

འཁོར་བའི་བཙོན་ཁང་འདི་ལས་མྱུར་དུ་ཐར་བར་ཤོག།

དཔལ་ལྡན་བླ་མ་རྩེ་གཅིག་དད་པ་བརྟན་པོ་ཞིག།

འདི་ཕྱི་ཀུན་ཏུ་རང་ཅག་རྒྱུད་ལ་སྐྱེ་བར་ཤོག།

མ་རིག་འཁོར་བའི་རྩ་བ་གཞོམ་པའི་ཐབས་གཅིག་པུ།།

གང་གི་བླ་མ་ཁོ་ན་ལས་ལྷག་གཞན་མེད་པས།།

ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མར་སྒོ་གསུམ་གུས།།

དེ་དང་དེ་ལྟར་ནུས་པར་བདག་ལ་རྩེ་གཅིག་དགོངས།།

བདག་གིས་དེ་དང་དེ་བཞིན་བསྒྲུབ་པར་བྱིན་གྱིས་རློབས།

2017/6/23



ཐོལ་གྱིས་ཤོར་བའི་གཞས།

                    

ཆོས་ཀྱི་འཆད་སྙན་རྔ་སྒྲ་གནས་འདིར་གྲགས་པའི།།

བྱམས་དང་བརྩེ་བའི་ས་བོན་སྙིང་ལ་སིམ་པས།།

རྒན་བཀུར་ཆུང་བྱམས་བྱེད་པའི་ཕ་ཡུལ་སོག་རྫོང་།།

བདག་གིས་སོར་བཅུའི་རྩལ་གྱི་ད་རེས་མཆོད་འདོད།།


སྲིད་ཀྱི་ལེགས་ཉེས་རྒྱལ་མཚན་མཐོན་པར་བསྒྲེངས་བས།།

བཙན་འཕྲོག་བཅོམ་རྐུན་བྱེད་པའི་དགྲ་དཔུང་འཇོམས་སྐད།།

ཕ་ས་སྐྱིད་ཀྱི་སྐོར་བྲོ་གཡས་སྐོར་ཕྲ་མོ།།

ངས་ཀྱང་ཨ་ལ་ལ་མོ་མཉམ་དུ་འཁྲབ་འདོད།།


ཆོས་སྲིད་དུང་མདོག་ཟླ་བའི་གླིང་བཞི་སྐོར་བའི།།

མཛའ་མཐུན་རྒྱུ་སྐར་འབུམ་གྱི་ལག་གདང་དམ་པས།།

ང་དང་རུ་སྡེ་ཕྲ་མོའི་མཐུན་པའི་གཞས་ཆུང་།།

ཕ་ཡུལ་རྩེ་གཞུང་རིང་མོའི་གཞུང་ལ་མཆེད་སོང་།།


ཕན་ཚུན་བརྩེ་བའི་ལག་ཟུང་དམ་དུ་སྦྲེལ་བའི།།

ཕ་ས་ཕ་ཡུལ་མཐུན་པ་སྤུན་བཞིའི་བཀྲ་ཤིས།།

ཕན་ཚུན་མི་རིགས་འཆམ་མཐུན་སྙིང་ལ་རུམ་པའི།།

ཕ་ཡུལ་ལུང་བ་སྐྱིད་ཀྱི་འཚོ་བའི་བཀྲ་ཤིས།

2017/10/14ཉིན།



མཚན་གུང་གི་དངན་པ།

                 

                          

སྐར་མའི་ཚོགས་ཀྱི་མཚན་མོའི་སྙིང་གཏམ་བརྡོལ།།

ཟླ་བ་སྨྲེང་བའི་བཞིན་ཞལ་ཆུ་གཟིགས་མཇལ།།

མུན་པའི་ཡོལ་བ་འཐེན་པའི་ཁང་མིག་འདིར།།

སྨྲེང་བ་ཁུར་བའི་བདག་སེམས་དངན་པ་ལྕི།།


ཐམས་ཅད་ཆ་རུ་སྡེབ་ནས་གཉིད་དུ་ཡུར།།

སུན་སྣང་སྣང་བ་རྒོད་པས་བདག་གི་ལུས།།

འཕག་འཚག་ག་ཙམ་བརྒྱབ་ཀྱང་གཉིད་ཐབས་བྲལ།།

དོ་ནུབ་ཞེ་འདྲིས་བློ་སེམས་འགྱུར་ནས་ཐལ།།


དོ་ཞག་ལས་ཀྱི་འཕྲད་པའི་འཕྱོར་མོ་ཀྱེ།།

ནང་སེམས་གཅེར་བུ་ག་ཙམ་སྟོན་གྱུར་ཡང་།།

བརྩེ་བའི་འཕྲིན་ལ་ཨ་ལན་དབེན་གྱུར་བས།།

ཨམ་གཙུགས་བསྡམས་ནས་སླར་དུ་འཕྲིན་ཞིག་སྤྲིངས།།


བདེ་གྲོལ་བདེ་བའི་ཞེ་འདྲིས་ལྷན་དང་གཅིག།

ཨ་རིན་ཐོབ་པའི་སྐྲ་བདག་འགྲོགས་དང་གཉིས།།

རྨ་དུག་གོ་ཐོབ་དབང་ཆེན་ཆོ་ལོ་གསུམ།།

ཇ་མཁར་ཕོ་མོ་སོ་སོ་བདེ་ཞིང་སྐྱིད།།


ཁོ་བོ་སྨྲེང་བའི་ཁུ་ལོ་རྒྱང་དུ་བཞུད།།

སེམས་སོང་སྙིང་ཉེ་གཞན་དབང་ཡིད་དུ་གྱུར།།

ཁེང་ཧྲང་ཨ་སྐྱོ་སྙིང་གི་མུ་ཏིག་ཀྱེ།།

ད་རེས་ཨ་ལན་ཐེངས་གཅིག་གནང་ལ་སྒུག།


ལས་ཀྱི་ཐོབ་པའི་ཁ་ཡིག་སྐོར་ལོག་ཅིག།

དང་བོ་ཕན་ཚུན་ཡིད་སེམས་འདྲིས་ནས་ཐལ།།

བར་དུ་དུངས་པའི་སེམས་པ་སྨྱོས་ནས་ཐལ།།

བདག་སེམས་དབང་མེད་ཁྱོད་ལ་ཤོར་ནས་ཐལ།།


ན་ཟླ་ཚོགས་ལ་ལས་ཀྱི་གཤོག་ཡ་རེ།།

ཆུང་གྲོགས་མགལ་དུམ་ལ་འང་རྩེད་ཡ་ཞིག།

བདག་ནི་ད་དུང་གཅིག་པུར་ཤུལ་དུ་ལུས།།

བརྩེ་དུང་དམར་བོའི་ལན་ཆགས་ལྕི་ཞིང་ལྗིད།།


མཚན་གུང་མལ་ཁྲི་ཧྲིལ་བོ་བདེ་བ་འཁྱིལ།།

སྙིང་གཏམ་བདེ་དགའི་མལ་ཐུལ་དྲོད་ལམ་ལམ།།

ཁེར་རྐྱང་ཟླ་བ་སྨྲེང་བའི་སྡུག་གཏམ་དེ།།

སུ་ཡིས་མ་གསན་རླབས་ཀྱི་རི་མོར་བབས།།


ཤོག་སྨྱུག་ཟད་ཀྱང་རེ་འབྲས་དོན་མེད་པའི།།

བདག་ཉིད་ཁོ་ན་མཚན་མོ་འདི་ཡི་མགྲོན།།

སོར་བཅུ་འཁྱུག་པའི་རྩལ་གྱིས་བྲིས་པའི་སེམས།།

མཚན་གུང་ཇ་མཁར་ཉུལ་བའི་མཐོང་སྣང་ངོ།།



བརྩེ་བ་ལྷག་འཕྲོ་ཞིག

              

ལོ་དང་ཟླ་བའི་འཁོར་བསྐྱོད་སྐད་ཅིག་སྐད་ཅིག།

གྱེས་བྲལ་ལོ་ཟླའི་ཕྱི་ཐག་ཇ་རིང་ཇེ་རིང་།།

འུ་གཉིས་འཛོམས་པའི་དུས་སྐབས་ཐུང་ངུ་ཐུང་ངུ།།

སླར་ཡང་འཛོམས་པའི་སེམས་པ་འགོག་མེད་འགོག་མེད།།


འཇོ་སྒེག་ལང་ཚོའི་སྐེད་པ་འཁྱུག་ཙམ་འཁྱུག་ཙམ།།

ཡོད་འོང་ངག་གི་སྒོ་མོ་འཛུམ་སེ་འཛུམ་སེ།།

སེམས་སོང་སྙིང་གི་ལྷ་མོ་བརྗེད་མེད་བརྗེད་མེད།།

མི་རིང་མཇལ་བའི་སྐལ་བཟང་ཡག་པོ་ཡག་པོ།།


དྲན་པའི་གདུང་བ་བརྗོད་པར་མི་ནུས་མི་ནུས།།

ཤོག་སྨྱུག་ཟད་ཀྱང་གླེང་བར་མི་ཚར་མི་ཚར།།

ལས་ཀྱི་འཕྲད་པའི་སྙིང་སྡུག་དྲན་པ་དྲན་པ།།

ས་གསུམ་ཁྱོན་ནས་སུ་ཡིས་མཁྱེན་ནམ་མཁྱེན་ནམ།།


ཡུན་རིང་སྒུག་སྒུག་ཁྲོད་ཀྱི་སེམས་སོང་སེམས་སོང་།།

ལ་དང་ལུང་བའི་བར་ཐག་རྒོད་པོ་རྒོད་པོ།།

འུ་གཉིས་ཡང་ཡང་མཇལ་བའི་་འཛོམས་པ་ཡག་པོར།།

བརྩེ་སྦྱོར་སེམས་པའི་མཆུ་འདི་ཁྱོད་ལ་འབུལ་ངེས།།



ཆམ་ནད་ཐེངས་གཅིག་གི་རྗེས་སུ།


བྲི་འདོད་མོས་པ་ཙམ་གྱི་འབྲི་བར་ནུས་པ་མིན།།

སོར་བཅུ་འཁྱུག་པ་ཙམ་གྱི་འབྲི་བར་མ་ནུས་པ།།

དྲན་པ་རིབ་རིབ་སྣང་བ་མག་མོག་གྱུར་བས་ན།།

དེ་ལྟ་ལས་ཀྱང་མ་ཡིན་བདག་གི་ལྷ་མོ་ཀྱེ།།

 

དབྱངས་ཅན་ལྷ་མོ་བདག་ཡིད་པད་མའི་དགའ་ཚལ་ལ།།

རྟག་པར་བཞུགས་ཏེ་ཁྲུས་ཀྱི་སྐུ་ཁྲུས་གསོལ་བར་ཞུ།།

བདག་ལུས་མི་འདོད་ནད་ཀྱི་འཆིང་ཐག་ལས་གྲོལ་ཏེ།།

སླར་དུ་སྙན་ངག་གྱ་ནོམ་ཞིག་གི་མཆོན་ཡོན་འབུལ།།


ཚིག་སྦྱོར་མི་ལེགས་ཚིག་ལ་མ་གཞིག་རིག་པའི་ནད།།

སྡེབ་སྦྱོར་མི་ལེགས་དོོན་ལ་མ་གཞིག་ལེ་ལོའི་ནད།།

བྲིས་པ་མི་ལེགས་ཡིག་ནོར་བཏགས་ནོར་ཐ་སྙད་ནད།།

བདག་ཉིད་མི་འདོད་ཆམ་ནད་འདི་ལས་ཐར་བར་ཤོག།



གཞན་རྩོམ་བཤུ་འབྲིའི་ནད་འདི་གཏན་ནས་མེད་པར་ཤོག།

གཞན་རྩོམ་ལོག་པར་མཐོང་བའི་མིག་ནད་སེལ་བར་ཤོག།

རང་རྩོམ་མཆོག་ཏུ་འཛིན་པའི་བློ་ནད་མེད་པར་ཤོག།

རང་ཅག་ནད་ཡམས་འདི་ལས་གཏན་དུ་ཐར་བར་ཤོག།


༢༠༡༧/༦/༢༩ཉིན་ཐོལ་བྱུང་དུ།



སྐད་ཅིག་མའི་སེམས་པ།


སེམས་ཀྱི་ཟབ་སར་ལྷུང་བའི་སྙན་ངག་རྗིད་པོ།།

ཚིག་གི་ཐ་སྙད་ཀྱིས་ཀྱང་བྲི་ཐབས་བྲལ་བས།།

སྡེབ་ལེགས་འཁྱ་མ་འཁྱོར་གྱི་ཚིག་གི་ཕུང་བོ།།

ངས་ཀྱང་ཨམ་གཙུགས་བསྡམས་ནས་འབྲི་འདོད་མ་སྐྱེེས།།


ཡིན་ཡང་སྣང་བའི་རྒྱུད་མང་ཤུགས་ཀྱིས་དཀྲོལ་བས།།

ཚོར་བའི་ཐང་ཆེན་བརྒལ་བའི་བདག་གི་སེམས་པ།།

སྟོན་མཇུག་ལོ་འདབ་སེར་བོའི་སྐྱོ་གདུང་མཉམ་པས།།

འཇག་རྩྭའི་ཤུགས་གླུ་འདི་ཡང་རྣ་བར་གཟན་བྱུང་།།


ཁྲུང་ཁྲུང་ཕྲེང་ལྟར་བསྒྲིགས་ནས་རྒྱང་དུ་བཞུད་སོང་།།

ངས་ཀྱང་ཆ་རུ་སྡེབ་ནས་འཕྱོང་རྒྱས་སྐོར་འདོད།།

ཡར་ཀླུང་ལྷུང་ལྷུང་བཞུར་བའི་ངང་ཚུལ་འདི་ལྟར།།

ངས་ཀྱང་སྙན་ངག་ཆུན་པོ་ཤར་མར་འབྲི་འདོད།།


ཡིན་ཡང་འཇིག་རྟེན་ཐ་སྙད་གཡུག་སར་ལུས་པས།།

མཛེས་ཆ་མེད་པའི་སྟངས་སྟབས་ངས་ཀྱང་མ་འདོད།།

སེམས་ཀྱི་ཐང་ཆེན་ཉུལ་བའི་དགའ་སྐྱོ་ཆགས་སྡང་།།

ནམ་ཞིག་ཤོག་སྨྱུག་ཟད་པའི་རྒྱུ་རུ་བབས་སྲིད།།

2017/9/17ཉིན།


ང་ཡོད་པས་ཁྱོད་སྐྲག་མི་དགོས།

                        

གླེན་ཕྲུག་མ།

ད་ནི་དགུན་ཁ་ཐོན་བྱུང་།

སྟོན་རླུང་དྲག་ཏུ་ལྡང་ནས་རྨས་ཟིན་པའི་སེམས་པ་དེ་ལོ་འདབ་ཅི་བཞིན་གང་དུ་རྒྱུ།

ཆག་གྲུམ་ཤོར་བའི་སེམས་པ་དེ་ཡང་ཁ་བའི་ཡོངས་སུ་གཡོགས་ཀྱང་།

ང་ཡོད་པས་ཁྱོད་སྐྲག་མི་དགོས།


གླེན་ཕྲུག་མ།

འུར་འུར་ཟིང་ཟིང་འཇིག་རྟེན་འདིའི་གྲུ་ཟུར་ནས།

མི་ཚོགས་ཀྱི་གཡོ་ཟོལ་ལས་ཁྱོད་རང་སྦགས་ཆུས་བཀྲུས་ཀྱང་།

ངའི་ལྷད་མེད་པའི་བརྩེ་བ་དེ་རུམ་ཁྱོད་ཁོ་ན་སྒྲུག་ཡོད།


གླེན་ཕྲུག་མ།

གདོང་པགས་གྱོན་པའི་གཅན་གཟན་གྱི་རིགས་དེའི་ཁྱོད་བསླུ་བྲིད་ཀྱིས་བསླུས་ཀྱང་།

བཟང་བརྫུ་མཁན་གྱི་སྒྱུ་འཕྲུལ་མཁན་དེའི་ཁྱོད་རང་གཏོར་གཟུགས་སུ་བསྒྱུར་ཡང་།

མཐའ་ན་བརྩེ་འདང་གི་ཕྱུག་པའི་འཇིག་རྟེན་འདིར་ཁྱོད་ཡུག་ས་རུ་ལུས་ཀྱང་།

ང་ཡོད་པས་ཁྱོད་སྐྲག་མི་དགོས།


གླེན་ཕྲུག་མ།

ཁོད་ཡངས་པའི་རྩྭ་ཐང་ནས་ཁྱོས་སུ་དང་ལྷན་དུ་མེ་ཏོག་འཐུས་ཀྱང་།

ཡང་གང་ཞིག་དང་མཉམ་དུ་བེའུ་འཚོས་ཀྱང་།

ཁྱོད་རེ་ཞིག་ཨ་ཐང་ཆད་སོང་ན།

ངའི་པང་ཁར་མགོ་བསྙེས་དང་།

ངས་ཁྱོད་ལ་ཆེས་དྭངས་གཙང་གི་བརྩེ་གཞས་དེ་ལེན་ངེས།


གླེན་ཕྲུག་མ།

རང་གི་གང་འདོད་འདོད་གྱིས།

ནམ་ཞིག་ཁྱོད་མི་གྲལ་ནས་ལྷུང་ཡང་།

ང་ཡོད་པས་ཁྱོད་སྐྲག་མི་དགོས།


གླེན་ཕྲུག་མ།

ཁྱོད་ཡོད་ན་ང་ལ་ཅི་ཡང་མི་མཁོ།

མཐའ་ན་ང་སྐྱོ་རོགས་འདུག་རོགས་ཀྱི་སྙན་ངག་འདི་ལའང་རྫོགས་ཚིག་བྲིས་ཀྱང་ཆོག


གླེན་ཕྲུག་མ།

ང་ཡོད་པས་ཁྱོད་སྐྲག་མི་དགོས།


ཐོལ་བྱུང་དུ་སྦྱར་བའོ།།



གཞོན་པ་ང་ཚོ།


ཐ་སྙད་རེ་རེའི་མངར་བསྐྱུར་གྱི་ལྷུ་ལག་བསྒྲིག་ཡོང་དུས།

ཚོར་བའི་གཤིན་ས་ན་གསེར་མདོག་ངང་འབུས་མུས་སུ་ཡོད་པ་ནི།

ཚིག་འབྲུ་མཛེས་པོ་ཞིག་གི་རྣམ་ཤེས་ལ་འཁྱུད་པ་ནི།

ཉི་ཤུའི་གཞོན་པ་ང་ཚོ་སོང་མི་ཚར་བའི་རྒྱང་རིང་ཞེས་པའི་མ་འོངས་པ་དེ་ཡིན།


གཞོན་པ་ཞེས་པའི་ཡིག་འབྲུ་དེར་ནང་སེམས་བརླན་ཏེ།

སྣང་བ་ཞེས་པའི་གཤོག་པ་དེར་ཤེད་ཀྱིས་འཇུས་མཁན་ནི།

ང་ཚོ་སྟེ་ནང་སེམས་གཅེར་བུ་བཤམས་པའི་གཞོན་པ་ང་ཚོ་ཡིན།


གཉིད་དུ་ཡུར་བའི་ཕ་ཡུལ་དེ་ཀི་སྭའི་དཀྲོགས་མཁན།

མྱ་ངམ་ཐང་ཆེན་པོར་ལྗང་མྱུག་གི་རེ་འབྲས་སྨིན་མཁན།

ཕུགས་བསམ་དང་ལྷན་དུ་སྤོབས་པའི་འགྱིང་བ་ཡང་

མ་འོངས་པར་ཟུངས་ཁྲག་རང་རིགས་ལ་འབུལ་མཁན།

གཞོན་པ་ང་ཚོ་ཡིན།


གཞོན་པ་ང་ཚོ

ལོ་རྒྱུས་ཀྱི་དེབ་ཐེར་ན་མི་གསལ་ཡང་།

ཡབ་མེས་ཀྱི་ངག་རྒྱུན་ན་མི་ལྷག་ཀྱང་།

ཆེེས་དྭངས་གཙང་གི་གབ་ཚིག་དེ་ཡིན་ཆོག་ལ།

ཆེས་བླ་ལྷག་གི་སྙན་ངག་གྱ་ནོམ་དེ་ཡིན་ཆོག


དག་དག་གཞོན་པ་ང་ཚོ།

བྲིས་མི་ཚར་བའི་སྙན་ངག་ཅིག་གི་ཁ་ཡིག་ཡིན་ལ།

བདེན་པ་བརྡར་བའི་སྙན་ངག་བྲི་མཁན་དེ་ཡིན།



ཁོ་བོའི་དངོས་མིང་ལ་འཇིགས་མེད་དང་པིར་མིང་ལ་བེ་མིག་ཏུ་འབོད།

ཁོ་ནི་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་བེ་ཆེན་སྡེ་བ་ནས་ནར་གསོན་པའི་སློབ་གཉེར་བ་དཀྱུས་མ་ཞིག་ཡིན། ཁོས་སོར་བཅུའི་རྩལ་ལས་ཐོན་པའི་ལྗགས་རྩོམ་མང་བོ་ཞིག(གངས་ཅན་མེ་ཏོག)དང(བཙན་པོ་མགར)གྱི་དྲྭ་ཚིགས་གཙོས་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར་མང་བོ་ཞིག་ཏུ་ཀློག་པ་བོ་དག་ལ་གཟིགས་རྟེན་དུ་ཕུལ་བ་དེ་ལས་མ་འདས་སོ།།

ཁོའི་བརྩམས་ཆོས་ལ༼ཚོར་བའི་བཅུད༽ ༼རྨ་འགྲམ་གྱི་ཆིག་ལབ༽ ༼བེ་མིག་གི་མྱི་སྐད༽ ༼ཚོར་བ་གྱེར་བའི་གླུ༽སོགས་འཕྲུལ་དེབ་དུ་མ་ཡོད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/2/3 བལྟ་ཀློག (2781)