ཟར་མའི་རང་མོས་བདམས་བཀོད།

ལྕགས་ཐག་སྲ་མོ་དེར་འཇུ་རྗེས།


གྲང་བ་བཙན་པོ་ཞིག་གིས་ངའི་ཡོད་ཚད་ལ་རྟོགས་ཞིབ་བྱ
ཉིད་འོད་དང་དྲོད་ཁོལ
ཐ་ན་བསིལ་ཙམ་མེད་པའི་གྲང་བའི་ཁུགས་སོ་ན
རྐང་འཁུམས་ལག་འཁུམས་སུ་སོང་བ་ཉིད
འཇིག་རྟེན་ན་འུར་ཟིང་ཆེ་བའི
བརྩེ་འདང་ཞེས་པའི་སླེ་བོ་དེ་རུ་འཇུག་པ་མ་རེད་དམ

                          2018-2-2/ཁྲིན་ཏུ།

སྲོད་དུས།


སྲོད་དུས
གྲང་བ་ཆེ
ཁ་ལག་གང་ཡང་འཁུམས
སྨྲ་བ་གཞི་ནས་འགགས
གྲིབ་མ་སྔར་ལྟར་འགྲོགས་པའི་ཚུལ་གྱིས
གཏི་མུག་དཀྲོགས
རྨི་ལམ་བཅོམ
ད་དུང
ཁྱོད་ཀྱི་པར་ཁང་བྲང་དུ་གླན་ནས
བཙན་གྱིས་རྨི་ལམ་ཞིག་འཚོལ

                2018-1-27/ ཁྲིན་ཏུ།

 ཁ་བ་བབས་བྱུང་།

ཁ་བ་དེ
ནུབ་ཕྱོགས་ནས་གཡོས
ཁ་བ་དཀར་པོ
གློ་སྙིང་མཆིན་གསུམ་ལ་གླན

ངོ་རུ་ཁངས་ངར་གྱིས
ངོ་མི་ཟིན་པའི་ཚུལ་དུ་གྱུར་ཏེ
གཉེར་མ་ཆགས
སྨ་ར་དཀར

                      2018-1-28/ ཁྲིན་ཏུ།


ཞེ་རུ་རྒྱུ་བའི་B


ཁབ་ཀྱི་གཟུགས་སུ་བཟོ་བའི
མཐུད་ཟིན་པའི་དྲན་པ་རྡོག་པོ
ཁངས་མཐུག་པོར་ཟུག་པའི་བྱེའུ
གྲང་བའི་སྟོབས་ཀྱིས་གཤོག་པའི་རྡེབ་ཐག་ཆད

བཞུད་ཟིན་པའི་མཐའ་ནས
ཕྱིར་དྲན་ཞེས་ཚིག་དུམ་གཉིས་སུ་བཀོད
དྲན་པ་ལྕི་མོ་འདི་ལྟར་བསམ་ན
མཚམས་རེར་རང་ཉིད་བོར་འགྲོ

                       2018-1-29/ ཁྲིན་ཏུ།


འཐུ་བཞིན་པའི་ལང་ཚོ།

ཁངས་ཆར་གྱིས་བཏུལ
སེམས་ཟབ་ཏུ་དགོད
ཉི་མ་དང་རྒྱང་ཐག་རིང་བ
སེམས་ཀྱིས་བཙལ་ནས་ཟིན་པའི་ས་ཚིགས་ཤིག

ནམ་ཟླ་ཧ་ཅང་འཁྱག་སྐབས
རང་ཉིད་བོར་དོན
རང་ཉིད་ལས་བདག་སེམས་དང་ཉེ་དྲགས་པ་ཞིག་གིས
གོམ་ཐང་དོག་སོང་བས

                  2018-1-30/ ཁྲིན་ཏུ།

སེམས་སུ་བསྟར་ཟིན་པའི་ཁྱོད།

མཚམས་རེར་རང་དང་ཁ་ཐག་ཉེ་བའི་གྲིབ་མ་དེ་ཉིད
མཚམས་རེར་རང་དང་སོ་སོར་མེད་པའི་སེམས་རྡོོག་དེ
བྱམས་པའི་ཟུང་ཡ་མཐུད་པའི་རྩིད་སྐུད་དེ
ལས་དབང་གི་ཁ་ཡིག་ཏུ་འཐོར་གྱིན་པ་སྣང

ཨ་རག་དམ་བུ་གང་ཧུབ་ཀྱིས་བརྔུབས་རྗེས
ཁྱོད་ཀྱི་མཁུར་འཛུམ་དང་འཇོ་སྒེག
སྣང་བའི་ངོས་སུ་གསལ་བོར་ཆགས

                2018-2-1/ ཁྲིན་ཏུ།

ཞེ་འཐུ་མ།


དུས་ཚོད་ཀྱི་ཐག་སྒྲ་ནས་ཁྱོད་ཀྱི་མཛེས་སྡུག་འཚོལ
དགུན་ཟླའི་གྲང་ངར་ནས་ཁྱོད་ཀྱི་དྲན་པ་ང་ཉིད་ཡིན་པ་ཚོར
བུད་མེད་སོ་སོའི་སྐད་གདངས་ཕྲ་ཞིང་འཇམ་པས་ཁྱོད་ཉིད་ཞེ་རུ་འགུལ
ད་དུང་འུ་གཉིས་ལུས་ཐག་རིང་བ་ཙམ་ཉིད་ཡིན

ལག་ཟུང་འཇམ་ལ་དམ་པ
ནུབ་མ་རེ་རེ་རྨི་ལམ་གྱི་ཁ་ཡིག་ཏུ་བསྔོས
དྲན་གདུང་གིས་བཟོས་པའི་འཇིག་རྟེན་བཞིན
རྨི་ལམ་དྭངས་གཙང་ཞིག་བསླེབ་པར་ཉག་པས་རེད

                 2018-2-5/ ཁྲིན་ཏུ།

ཡིད་སེམས་སྟོང་དུས།


ཞེ་རུ་ཁྱོད་ཀྱི་ལང་ཚོའི་ཚོན་མདངས་བྱུགས
དྲན་པའི་སྒེའུ་ཡོལ་གྱི་ཕག་ཏུ
ཆང་རག་གི་བཟིས་ཟིན་པའི་བུ་ཕོ
སྐད་གདངས་མཐོན་པོ་བྱས་ཏེ་ངུས

ཁོ་བོའི་མིག་གིས་མཐོང་ཚད
རྣ་བས་ཐོས་ཚད
སེམས་ཀྱིས་ཟིན་ཚད
ཁྱོད་ཉིད་གཅིག་པུ་ཡིན་ཞེས་སྨྲས

                     2018-2-6/ ཁྲིན་ཏུ།

སྣང་བ་ཞིག་ལ།

སྣང་ཚུལ་ལ
འུ་གཉིས་རི་ཆུ་གང་མང་གིས་བཅད་པའི་ཕ་རོལ་རེ་རེ་ན་ཡོད
འོན་ཏེ   མགོ་ཐོག་ཏུ་རྒྱུ་བའི་ནམ་མཁའ་གཅིག་པ་རེད་དེ
ངས་ལྟ་གིན་པའི་སྤྲིན་པ་དེར་ཁྱོས་ཀྱང་བལྟས་ཡོད་སྲིད
ད་གཟོད་འུ་ཅག་གཅིག་སེམས་ཡིན་པ་མཐོང

སྤྲིན་པ་དེར་ལྟ་གིན་ལྟ་གིན་ཁེར་དགོད་ཤོར
རྒྱུ་མཚན   གལ་ཏེ་སྤྲིན་པས་མི་སེམས་རྟོགས་ནུས་ན
ཁོ་བོས་བདག་ལ་མ་སྐྱོ་དང་ཁོ་མོས་རྣམ་དག་གིས་ཁྱོད་རང་སྒུག་འདུག་ཅེས་བཤད
སྐབས་དེར་ངས་ངོ་གནོང་སྲིད

                        2018-2-7/ཁྲིན་ཏུ།

སེམས་ནད།


དགུན་བཙན་པོའི་དར་ཆག་གི་གཡས་གཡོན་དུ
ངང་བ་དཀར་པོས་རང་ཉིད་དག་ཞིང་ཞིག་ཡིན་པར་སྨོས་ཨང
གྲང་ངར་གྱིས་བསྟུད་མར་གཏུག་དོན་ཅི

གཤོག་པ་རྨས་ཟིན་པའི་ངང་བ
གཤོག་རྩལ་ཟིམ་སོང་བའི་ངང་བ
ཐ་དག  རང་གིས་བཞེངས་སྐྲུན་གྱི་སེམས་པ་རྨས་མ་དེའི་མཐའ་འོ

                  2018-1-24/ ཁྲིན་ཏུ།

དངོས་མིང་།   བཀྲ་ཤིས་དབང་རྒྱལ།
པིར་མིང་།    ཟར་མ།
ཕ་ཡུལ།  ཛམ་ཐང་།
ད་བར་མཚོ་སྔོན་ཞིག་ཏུ་སློབ་སྦྱོང་བྱེད་ཀྱིན་ཡོད།   ཡར་སྔོན་སློབ་སྦྱོང་གི་ལས་སུ་ཞུགས་མ་ཐུབ་པའི་མི་བུ་གཉོམ་ཆུང་ཞིག་ཡིན།  ད་དུང་།  སྙན་ངག་ནི་ཁོ་བོའི་འགྱུར་མེད་ཀྱི་སྐྱིད་གྲོགས་སྡུག་གྲོགས་ཡིན་ཞེས་གཅེས་སུ་འཛིན་གྱིན་ཡོད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/2/24 བལྟ་ཀློག (2976)