ཡོངས་འཛིན་འཚོལ་བཤེར་ལ་ཞིང་ཆེན་ཚན་རིག་ལག་རྩལ་གྲུབ་འབྲས་དཔང་ཡིག་ཐོབ་པར་རྟེན་འབྲེལ་ཞུ།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་ལ་མཚོ་སྔོན་ཞིང་ཆེན་

ཚན་རིག་ལག་རྩལ་གྲུབ་འབྲས་དཔང་ཡིག་

ཐོབ་པར་རྟེན་འབྲེལ་ཞུ།

 

     སྤྱི་ཟླ༣པའི་ཚེས༡༢ཉིན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་འཇུག་ལེགས་འགྲུབ་བྱུང་བའི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ལ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་གནང་བའི“མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་གྲུབ་འབྲས་དཔང་ཡིག”ཐོབ།

    ཚན་རིག་ལག་རྩལ་གྲུབ་འབྲས་འདིའི་གསལ་འབྱེད་ནི་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་གྲུབ་འབྲས་ལ་དཔྱད་འཇོག་གནང་བ་ཡིན་ལ། གསལ་འབྱེད་གྲོས་ཚོགས་སུ་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་འབྲེལ་ཡོད་ཡིག་ཆར་ལྟ་ཀློག་དང་འདྲི་རྩད། གྲོས་བསྡུར་བཅས་བྱེད་པར་བརྒྱུད། གཅིག་མཐུན་གྱིས་ཡོངས་འཛིན་འཚོལ་བཤེར་ནི་དྲ་ངོས་དང་གསར་འགྱུར། པར་རིས། གླུ་དབྱངས། བརྙན་རིས། རིག་མཛོད། ཡིག་ཚང་། དྲིས་ལན་སོགས་གཞི་གཅིག་ཏུ་གྲུབ་པའི་བོད་ཡིག་འཚོལ་བཤེར་མ་ལག་ཅིག་ཡིན་པ་དང་། སྐད་བརྡ་མཐུད་མཚམས་དང་སྐད་བརྡའི་ལག་རྩལ་གཙོ་བོ་བསྒྱུར་ལས་བཅས་ཡོངས་སུ་བོད་ཡིག་ཅན་དུ་མངོན་འགྱུར་བྱུང་ཡོད་པ་བསྟན།

     《ཆ་འཕྲིན་བསྒྱུར་ལས་སུ་སྤྱོད་པའི་བོད་ཡིག་མིང་མཚམས་འབྱེད་པའི་ལས་གྲྭའི་ཚད་གཞི》དང《ཆ་འཕྲིན་བསྒྱུར་ལས་སུ་སྤྱོད་པའི་བོད་ཡིག་མིང་མཚམས་རིགས་དབྱེ་དང་རྟགས་མཚན་འགོད་ཚོགས་ཀྱི་ཚད་གཞི》བཤེར་སྒུག་ཚད་གཞི་ལྟར། སྟེགས་བུ་ལས་བརྒལ་བའི་བོད་ཡིག་མིང་མཚམས་རང་འབྱེད་དང་སྐད་བརྡའི་རིག་ནུས་དབྱེ་ཞིབ་མ་ལག་གསར་སྤེལ་བྱས་ཏེ། བོད་ཡིག་དོན་གཅིག་མིང་གི་རྣམ་གྲངས་འཚོལ་བཤེར་དང་བོད་ཡིག་སྐད་དོད་ལ་ཏིང་སྒྲ་འཚོལ་བཤེར། བོད་ཡིག་སྦྱོར་འབྲིའི་ཞིབ་བཤེར་མ་ལག་སོགས་བོད་ཡིག་རིག་ནུས་ཆ་འཕྲིན་བསྒྱུར་ལས་ཀྱི་ལག་རྩལ་གཙོ་བོའི་དཀའ་གནད་སེལ། དེ་མིན་ཡོངས་འཛིན་འཚོལ་བཤེར་མ་ལགAPPགསར་སྤེལ་བྱས་ལ། ཡོངས་འཛིན་འཚོལ་བཤེར་དེ་འཛམ་གླིང་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མར་གཏོགས། ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་གྲུབ་འབྲས་དཔྱད་འཇོག་ལ་མོས་མཐུན་བྱུང་བར་བརྒྱུད། གྲུབ་འབྲས་འདི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཤིང་། དུས་མཚུངས་སུ་ལག་རྩལ་གྲུབ་འབྲས་དཔང་ཡིག་ཐོབ་པ་འདིས་ཞིང་ཆེན་རིམ་པའི་ཚན་རྩལ་འཕེལ་རྒྱས་བྱ་དགའ་སྙན་ཞུ་དང་། བདེ་བླག་ངང་འབྲེལ་ཡོད་གསར་གཏོད་ཀྱི་ཆེད་ཁེ་སྙན་ཞུ་བྱེད་པ་སོགས་ཀྱི་ཐད་རྨང་གཞི་སྲ་བརྟན་བཏིངས།


      ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་ནི༢༠༡༣ལོའི་ཟླ༤བར་དངོས་སུ་ལས་མགོ་བརྩམས་ཤིང་། ལོ་ངོ་གསུམ་རིང་གི་དཀའ་ཚགས་ཞིབ་འཇུག་དང་གསར་སྤེལ་བྱེད་པར་བརྒྱུད། ༢༠༡༦ལོའི་ཟླ༨པའི་ཚེས༢༢ཉིན་དངོས་སུ་ཤར་གཏོང་བྱས། མིག་སྔར། ལྟ་ཀློག་དང་དོ་སྣང་བྱེད་ཚད་མངོན་གསལ་གྱིས་གོང་འཕར་བྱུང་ཞིང་། སྔ་ཕྱིའི་སྡེབ་རྩིས་ཀློག་ཐེངས་དུང་ཕྱུར༤ལས་བརྒལ་བ་དང་། ཉིན་རེའི་ཆ་སྙོམས་ཀློག་ཐེངས་ཁྲི༣༠༠ཡས་མས་ཡིན་ལ། རྒྱལ་ནང་དུ་ལྟ་ཀློག་ས་ཁུལ་ནི་གཙོ་ཆེར་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། ཧྲའན་ཞི། ཡུན་ནན། ཀོང་ཏུང་། ལའོ་ཉིང་། ཅང་སུའུ། པེ་ཅིང་། ཧོང་ཁོང་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར༣༡དང་། རྒྱལ་ཁབ་ཕྱིའི་ལྟ་ཀློག་ས་ཁུལ་ལ་ཨ་རི་དང་སུའེ་ཙེར། ཧྥ་རན་སི། ཁ་ན་ཏ། པི་ལི་ཧྲི། དབྱིན་ཇི། འབྲུག་ཡུལ་སོགས་རྒྱལ་ཁབ་དང་ས་ཁུལ༧༠ལྷག་ལ་ཁྱབ་ཡོད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/3/14 བལྟ་ཀློག (10552)