དྲང་འཚོལ་གྱི་རྩོམ་གསར་ཁག་བཞི།


དྲང་འཚོལ་གྱི་རྩོམ་གསར་ཁག་བཞི།

ང་ཡི་གཞས།
ང་ནི་རྒྱང་ལ་འཕུར་བའི་ཕྱེ་ལེབ་ཅིག །
སུ་ཡི་ཆེད་དུ་རྣམ་ཤེས་འཁྲེང་བར་འདུག །
བསམ་ཞིང་བསམ་ན་ཁེར་རྐྱང་འཁུན་སྒྲ་ཡིས།།
ཁེར་རྐྱང་མེ་ཏོག་ཅིག་ལ་ལྟ་བར་ཆས།།

ང་ནི་ཡིག་འབྲིའི་རྒྱུད་མང་དཀྲོལ་མཁན་ཞིག །
རྟོག་འགྱུའི་ཁྲོད་ནས་ཚོར་བ་ལེན་ལ་བྲེལ།།
ཚོར་བ་དེ་ཡང་འཛིན་མེད་འཇའ་རིས་ཤིག །
ཕར་ཕར་དེད་ན་ཡིད་ཀྱི་ཀློང་དུ་ཐིམ།།

ང་ནི་མཚན་མོའི་ཁྲོད་ཀྱི་སྐར་མ་ཞིག །
འཇམ་ལ་གཙང་བའི་ཟླ་བའི་འོད་ལ་དགའ།།
ཟླ་བའི་འོད་ལ་ཞེན་པའི་ཚིག་འབྲི་དག །
སེམས་ཀྱི་ཞིང་སར་རྨོས་པའི་ལོ་ཏོག་ཡིན།།

ང་ནི་ཡང་ཞིང་གཡོ་བའི་ཤོག་བྱ་ཞིག །
འཕུར་གྲབས་བྱས་ཀྱང་ས་རུ་ལྷུང་བཞིན་དུ།།
དཀའ་སྡུག་འདྲེས་མའི་ཚོར་བ་མོད་པོས་གྲུབ།།
ཟིན་མེད་འཁོར་འདས་བར་གྱི་མི་བུ་ཡིན།།
                                 2018/1/19

དགུན་ཟླ་འདིར།
 
                             ༡
དགུན་ཟླ་འདིར། ང་ཡང་དགུན་ཟླ་བཞིན་གྲང་མོ་ཞིག་ཡིན།
ཞེ་སྡང་དང་། ཁོང་ཁྲོས་ཟོས་པའི་ང་རང་གིས།
ཡིད་ལ་ཐིམ་པའི་ཡིག་འབྲིས་བརྣངས་ཞོར་ཕ་རོལ་པོར་བརྡ་སྟོན་བཞིན་ཡོད།

                               ༢
དགུན་ཟླ་འདིར། ངས་སྙན་ངག་མང་རབས་ཤིག་འབྲི་ཐུབ་མེད།
དགུན་ཟླ་འདི། ངའི་ཡིད་ངོས་སུ་འཆར་མི་ཐུབ་པའི་རོལ་དབྱངས་ཤིག་རེད།
ང་ལ་མཚོན་ན། དགུན་ཟླ་འདི་ནམ་ཞིག་ལ་སྐྱེལ་མ་གནང་ཐུབ་སྙམ་པའི་རེ་བ་བཅང་བཞིན་ཡོད།

                                ༣
དགུན་ཟླ་འདིར། ང་ནམ་ཡིན་ཡང་ཕ་ཡུལ་དང་བྲལ་མེད།
སེམས་ངོ་ལ་ཡང་ “ང་ཕ་ཡུལ་དང་ཁ་བྲལ་མེད།” ཅེས་པའི་ཚིག་ཏེ
སྙན་ངག་ཅིག་དང་། བསོད་ནམས་ཤིག་ཡིན་པ་རྟོགས་འོང་།
དེ་ནི་བདག་ལ་ལྟོས་ན། བསུབ་མེད་ཀྱི་མ་བྲིས་རི་མོ་ཞིག་གོ །

                           ༤
ནམ་ཡིན་ཡང་། རང་ཉིད་ཀྱི་ཕ་ཡུལ་མཐོང་ཐེངས་རེ་རེར།
ཚོར་སྣང་ཞིག་ལ། རྒྱང་ཐག་རིང་པོ་ནས་ཐོན་སོང་སྙམ་པའི།
ཚོར་བ་ལྗིད་ཏིག་ཏིག་ཅིག་འདུག
དེ་ནི། ཕ་ཡུལ་ལ་དུང་བའི་སེམས་ཞིག་མིན་པ་བརྗོད་ག་ལ་ཐུབ།
                                                2018/1/20
མདང་ནུབ་ཀྱི་དྲན་པ་ཞིག
        

ངའི་རྨི་ལམ་གྱི་འཁོར་དུ་འབུ་མེ་ལྕེབས་མང་པོ་འཁོར་སོང་
རྒྱུ་མཚན་མ་རྟོགས་པར་སྔར་བཞིན་དྲན་པའི་གཟེབ་ཏུ་ཚུད

ཅུང་ཙམ་ནས
འབུ་མེ་ལྕེབས་དག་གིས་སྐད་ཆ་འཆད་གྱིན་འདུག
ངས་ཀྱང་བཤད་རོགས་བྱས
ཡིན་ཡང་། འབུ་མེ་ལྕེབས་ཀྱིས་ཤོད་བཞིན་པའི་སྐད་ཆ་ནི
རང་ཉིད་ཀྱི་བསམ་བློ་ལ་ཁེལ་བ་ཞིག་མིན་པ་ཤུགས་ཀྱིས་རྟོགས་སོང་

འོན་ཀྱང་།
འབུ་མེ་ལྕེབས།
            འབུ་མེ་ལྕེབས།
ཁྱོད་སླར་ཡང་ངའི་སར་སླེབས་པར་ཤོག
                       ༢༠༡༨/༣/༡༧

ཁངས།

ཁངས་ནི་ཙག་རླུང་གིས་དཀྲིས་པའི་གངས་ཞིག་རེད།
ཉིན་ཕྱེད་ཙམ་ལས་མི་འདུག་པའི་རྒྱང་རིང་གི་མགྲོན་པོ་ཞིག་རེད།
མི་མང་ཞིག་དགའ་མྱོང་སའི་ཁྲི་ཤོར་རྒྱལ་མོ་དང་མཚུངས།

ཁངས་ནི
ས་གཞིའི་སྟེང་དུ་ལྷབ་ལྷུབ་དུ་བབས་པའི་འོ་མ་དཀར་པོ་ཞིག་རེད
སྡང་སེམས་དང་། འཁོན་སེམས་ཞུ་རུ་འཇུག་པའི་བྱམ་སེམས་དཀར་པོ་རེད།

ཁངས་ནི
ལུང་པ་དང་། ཡུལ་སྡེ་དག་ན་ཁུ་སུམ་མེར་གནས་པ་དེ་རེད།
གངས་ལྗོངས་འདིར
སྐབས་རེར་ཉི་འོད་ལ་ཡང་འགྲན་ཐུབ་པའི་མཐའ་མཇུག་གི་དཔའ་བོ་རེད།
                                  ༢༠༡༨/༣/༡༨

ངའི་མིང་དངོས་ལ་ཆོས་གྱིས་དང་མིང་གཞན་དྲང་འཚོལ་དུ་འབོད།


རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།
      ང་རང་འཇོན་ནུས་གང་ཡང་མེད་པའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཐེངས་དང་པོར་བྱིས་སློབ་ལ་སོང་ནས་ལོ་གཅིག་ཙམ་ལ་སློབ་སྦྱོང་བྱས། རྗེས་སོར་ཧོར་ཤུལ་མཁན་དགེ་ལེགས་དཔལ་བཟང་གིས་བཏབ་པའི་“གསེར་རྟ་བླ་རུང་ཧོར་ཤུལ་འཇམ་དབྱངས་བློ་འཕེལ་ནང་བསྟན་སློབ་གླིང་”ལ་སོང་སྟེ་ནང་པའི་ཆོས་གཞུང་སྦྱངས་ཤིང་ད་ལྟ་ཉེ་འཁོར་གྱི་གྲྭ་ས་ཞིག་ན་སློབ་སྦྱོང་ཉུང་ངུ་རེ་བྱེད་བཞིན་པ་དང་། ཞོར་དུ་རྩོམ་ཐར་ཐོར་འབྲི་བཞིན་ཡོད་པར་མ་ཟད་དུས་དེབ་དང་ལོ་དེབ་སོགས་སུ་རྩོམ་ཡིག་ཁ་ཤས་བཀོད་མྱོང་ཡོད།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/3/29 བལྟ་ཀློག (1879)