རང་ཉིད་བསྐུར་བ།

རང་ཉིད་བསྐུར་བ།

ངས་རང་ཉིད་ཁྲིད་ནས་སོང
རང་ཉིད་ལ་སྨོན་པ
རང་ཉིད་མཐའ་རྒྱན་གྱི་ཤུན་སྐོགས་དེ་ཡིན་པས་རེད

ངས་རང་ཉིད་ཡིག་ཤུབས་སུ་བཅུག་ནས་སོང
བསྒྲགས་ཁང་བརྒྱུད་ནས
ཐག་རིང་ཐག་རིང་ཞིག་ལ་བསྐུར་ནས་སོང

གནས་དེ་ནས
རླངས་འཁོར་ལ་བསྡད་དེ་འོང་གིན་པ་མཐོང
རྒྱ་མཚོའི་རླབས་ལ་འཇུས་ཏེ
གྲུ་གཟིངས་ལ་བསྡད་དེ་འོང་གིན་པ་མཐོང

གནས་དེ་ནས
འུ་གཉིས་ལ་རྒྱུ་མཚན་གང་ཡང་མེད་པར
གང་ཞིག་ནས་ཐུག་ཡོང་ན་ཐང


                              —ནམ་ཞིག

ནམ་ཞིག་ནས་ནམ་ཞིག་གི་ཉིན་མོར
ངས་རང་ཉིད་ལ་ཨུ་ཤུ་དང་ཡི་ཆད་ཀྱིས་སྐད་ཆ་ལབ
ང་རང་ལམ་འགྲམ་དུ་ཙོག་པོར་བསྡད་དེ
སྐམ་རིད་དུ་གྱུར་བའི་ངོ་གདོང་མདོག་བསྒྱུར་ནས་བསྟན

ནམ་ཞིག་ནས་ནམ་ཞིག་གི་ཉིན་མོར
ང་རང་རྒུན་ཆང་གིས་བཟི་བ་ལྟ་བུར་གྱུར
ང་ལ་ཅི་ཡང་ལྷག་མེད་པ་ཚོར
གདངས་བ་དང་ཞེན་པ་ལས་ཅི་ཡང་མི་ཐོབ་པར་གྱུར

ནམ་ཞིག་ནས་ནམ་ཞིག་གི་ཉིན་མོར
ང་རང་གཅིག་པུ་ལམ་དུ་ཕྱིན
མུན་ནག་གི་ཁ་གཏད་དུ་ལངས་ནས
ཤི་ཚར་བའི་རྣམ་ཤེས་ཐར་ཐོར་ཞིག་སྒྲུང་ལ་མགུར

ནམ་ཞིག་ནས་ནམ་ཞིག་གི་ཉིན་མོར
ངས་ལོ་ན་ཆུང་བའི་རང་ཉིད་དྲན
དྲན་པས་ཡིད་སེམས་ཀྱི་རི་རབ་སྒུལ་དུས
འཇིག་རྟེན་དུ་མུན་པ་འཐིབས  མུན་པ་འཐིབས

       བཟོད་ལྡན། མིང་གཞན་ལ་འོལ་བ་ཟེར། མདོ་སྨད་ས་ཡི་ཐིག་ལེ་ཤར་ཛམ་ཐང་གི་འཛི་ཆུ་སྔོན་མོའི་ཉེ་འགྲམ། ན་མདའ་ཞེས་པའི་ས་ཆ་རུ་ངུ་ངག་གི་དབྱངས་རྟ་ཐོག་མ་གྱེར། སྔ་གཞུག་ཏུ་རྒྱལ་ཁབ་ཀྱི་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་བྱེད་པའི་འགོ་ཚུགས་ཤིང་། དེ་ནས་རབ་བྱུང་བསྒྲུབས་ཏེ་ངུར་སྨྲིག་གི་ན་བཟའི་ཐུ་འོག་ནས་གངས་ལྗོངས་རིས་མེད་ལྔ་རིག་ནང་བསྟན་སློབ་གླིང་སོགས་སུ་ནང་བསྟན་ཆོས་གཞུང་ལ་སྦྱང་བརྩོན་བྱེད་བཞིན་གནས་སོ།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/3/29 བལྟ་ཀློག (1974)