ནུབ་བྱང་མཱ་གསུམ་གྱི་གཏན་ནས་མི་འདྲ་བའི་མི་ཚེའི་ཕྱེད་རྗེས་མ།

ནུབ་བྱང་མཱ་གསུམ་གྱི་གཏན་ནས་མི་འདྲ་བའི་མི་ཚེའི་ཕྱེད་རྗེས་མ།


ཧི་ལིས་པོས་བརྩམས།

རྭ་རྒྱ་བློ་དབང་གིས་བསྒྱུར།

      མི་སེར་རྒྱལ་ཁབ་ཀྱི་དུས་སུ། རང་རྒྱལ་ནུབ་བྱང་གི་ཀན་སུའུ་དང་། ཉིང་ཤ། མཚོ་སྔོན་བཅས་སུ་དྲག་ཤུགས་ཧ་ཅང་ཆེ་བའི་ཁ་ཆེའི་དམག་དཔུང་ཞིག་ཡོད། དེའི་མགོ་ཁྲིད་ནི་ཀན་སུའུ་ཧི་ཀྲུའུ་ཡུལ་གྱི་རུས་མིང་ལ་མཱ་ཟེར་བའི་ཁྱིམ་རྒྱུད་ཀྱི་མི་ཡིན་སྟབས་མཱ་ཁྱིམ་ཚང་གི་དམག་དཔུང་ཞེས་འབོད། ཡོངས་གྲགས་ལ་ནུབ་བྱང་མཱ་ཚང་ཟེར། ཁོང་ཚོའི་མངའ་ཐང་དང་སྟངས་འཛིན་གྱི་ས་ཆ་མི་མཚུངས་པས། ཉིང་ཤའི་མཱ་དང་། མཚོ་སྔོན་གྱི་མཱ། ཀན་སུའུ་མཱ་སོགས་སུ་དགར། ཁོང་ཚོའི་སྟོབས་ཤུགས་རིམ་རྒྱས་ཀྱིས་ཞིན་ཅང་བར་དུ་རྒྱ་བསྐྱེད།

     མཱ་ཁྱིམ་རྒྱུད་ཀྱི་དམག་དཔུང་དེ་ཐོག་མར་ཁྱིམ་ཚང་གི་དྲག་ཤུགས་དཔུང་ཁག་ཙམ་ཡིན་ལ། ཁོང་ཚོ་སྐབས་དེའི་ཀྲུང་གོའི་སྲིད་འགྱུར་གྱི་ཕྱོགས་འགལ་དམག་འཁྲུགས་ལ་ཞུགས་ཤིང་། སྔ་གཞུག་ཏུ་ཆིན་སྲིད་གཞུང་དང་། པེ་དབྱང་སྲིད་གཞུང་། པེན་ཡུའུ་ཡང་། ཅང་ཅེ་ཧྲི་སོགས་ལ་རྒྱབ་རྟེན་བཅོལ་ནས་ནུབ་བྱང་ཡུལ་གྲུ་ལ་ལོ་བཅུ་ཕྲག་འགར་དབང་སྒྱུར་བྱས་པས། དུས་སྐབས་གཅིག་རིང་མངོན་གསོལ་དོད་པོར་བྱུང་བའི་མཱ་ཁྱིམ་རྒྱུད་ཀྱི་དམག་ཤུགས་བྱུང་། ཁོང་ཚོ་ལ། ཀན། ཧི། ཧེ། མཱ་ཞེས་ཡི་གེ་བཞིས་མཚོན་པར་བྱེད་ཅིང་། དོན་ནི་ཀན་སུའུ་ཧི་ཀྲུའི་མི་ཡིན་པ་དང་། ཆོས་ལུགས་ཧེ་ཧུས་སམ་ཁ་ཆེའི་ཆོས་ལུགས་ཡིན་པ། རུས་རྒྱུད་མཱ་ཡིན་པ་མཚོན། ཁོང་ཚོ་བཞི་ནི་མངའ་འོག་བེད་སྤྱེད་ཤེས་ཤིང་། ཕ་ཤུལ་བུ་འཛིན་དང་། ཕུ་བོའི་རྗེས་ནུ་བོས་མཐུད་པའི་དབང་ཆ་རྒྱུད་འཛིན་གྱི་རྣམ་པ་ལ་བརྟེན་ནས་ལོ་བཅུ་ཕྲག་འགའི་རིང་འཕེལ་རྒྱས་བྱུང་བ་བརྒྱུད། ནུབ་བྱང་ཡུལ་ལ་རྟེན་གཞི་བྱས་པའི་མཱ་ཁྱིམ་རྒྱུད་ཀྱི་དྲག་ཤུགས་དཔུང་ཁག་ཏུ་གྲུབ།

      དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུའི་སྨད་དུ། མཱ་ཁྱིམ་རྒྱུད་ནང་མཱ་ཧོང་པིན་དང་། མཱ་ཧོང་ཁི། མཱ་པུ་ཧྥང་གསུམ་གྱི་ཚོགས་ཁག་ནི་སྟོབས་ཤུགས་ཆེས་ཆེ་བ་ཡིན་ལ། མི་རྣམས་ཀྱི་ནུབ་བྱང་གི་མཱ་གསུམ་ཞེས་འབོད་པ་ཡིན། སྐབས་དེར་ནུབ་བྱང་གི་མི་རིགས་རྣམས་རང་རང་ས་ནས་བཅིངས་གྲོལ་ལ་འབད་པ་བྱེད་བཞིན་ཡོད་ཅིང་། ནུབ་བྱང་མཱ་གསུམ་གྱིས་ཀྱང་རང་རང་གི་མདུན་ལྗོངས་ཐག་གཅོད་བྱེད་ཆེད་རང་རང་ས་ནས་བྱ་བ་ཅི་རིགས་སྒྲུབ་པའི་མཇུག་འབྲས་ལ་འདག་ཐབས་དཀའ་བའི་སྡིག་ཉེས་ཚབས་ཆེན་བསགས་ཡོད་པ་རེད།

མཚོ་སྔོན་གྱི་(རྒྱལ་ཕྲན་རྒྱལ་པོ།) མཱ་པུ་ཧྥང་གིས་བུད་མེད་ལྔ་སྟོང་ལ་བཙན་གཡེམ་དང་། སྤུན་མཆེད་ཀྱི་ཆུང་མ་དང་རང་ཉིད་ཀྱི་ཚ་མོ་ཡང་ཐར་བར་མ་བཏང་བ།

       ཡོངས་གྲགས་སུ་མཱ་པུ་ཧྥང་ངམ། དངོས་མིང་ལ་ཙི་ཁྲོན་ཟེར། ཀན་སུའུ་ཧི་ཀྲིག་གི་(དེང་གི་ཉིང་ཤ) མི་ཡིན། 1903 ལོར་སྐྱེས།  སྔོན་མ་ཉིང་ཧེ་མག་ཁུལ་དུ་སྦྱོང་བདར་དང་། རྗེས་སུ་ཨ་ཕ་མཱ་ཆིས་དང་ཨ་མྱེས་མཱ་ལེན་གྱི་དབང་སྒྱུར་གནས་ཡུལ་མཚོ་སྔོན་ཡུལ་དམག་ཚོགས་ཁག་ཏུ་འཛུལ་ཞུགས་བྱས།

      ནན་ཅིང་གོ་མིན་ཏང་སྲིད་གཞུང་བཙུགས་རྗེས། ཙུའུ་ཀྲང་དང་། དམག་དཔོན། སི་ལིན། དམག་ཤོག་སྤྱི་ཁྱབ་སི་ལིན་བཅས་ཀྱི་འགན་ཁུར། 1936 ལོར་མཚོ་སྔོན་སྲིད་གཞུང་གི་ཀྲུའུ་ཞི་ལས་ཚབ་པའི་འགན་ཁུར། 1938 ལོར་མཚོ་སྔོན་སྲིད་གཞུང་གི་ཀྲུའུ་ཞིའི་འགན་ཁུར། རི་འགོག་དམག་འཁྲུགས་སྐབས་དམག་ཤོག་40་བའི་སྤྱི་ཁྱབ་སི་ལེན་དང་། དམག་ཤོག་82་པའི་དམག་དཔོན་གྱི་འགན་བླངས་ཏེ། རི་འགོག་དམག་འཁྲུག་ཏུ་ཞུགས། 1945 ལོར་གོ་མིན་ཏང་སྐབས་བཅུ་གཉིས་པའི་སྲིད་གྲོས་ཨུ་ཡོན་དུ་བདམས། 1948 ལོའི་ཟླ་9བའི་ནང་ནུབ་བྱང་དམག་ཁུལ་གྱི་འགོ་གཙོ་གཞོན་པར་བསྐོས།

     མཱ་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་ལ་དབང་སྒྱུར་བྱས་ཤིང་། ལྷག་པར་དུ་མཱ་པུ་ཧྥང་ནི་གདུག་རྩུབ་སེམས་ནག་ལྡན་ལ། གཡོ་སྒྱུའི་བྱ་སྤྱོད་ལ་མཁས་པས་མི་རྣམས་ཀྱིས་རྒྱལ་ཕྲན་རྒྱལ་བོ་ཞེས་འབོད། 1949 ལོའི་ཟླ་5་བའི་ནང་། རྒྱ་ནག་བྱང་ཕྱོགས་དང་ཤར་ཕྱོགས་སུ་དམག་འཁྲུག་གི་རྦ་རླབས་ཉི་མ་གཅིག་ལ་ལེ་དབར་སྟོང་ཕྲག་ཏུ་མཆེད་པས། ནུབ་བྱང་ས་ཁུལ་ཀྱང་བཅིངས་གྲོལ་གཏོང་བར་སླེབས་ལ་ཉེ། ལིའི་ཙོང་རིན་གྱིས་ཕྱོགས་གཅིག་ནས་བྲེལ་མྱུར་སྒོས་ལྷོ་ཕྱོགས་སུ་འབྲོ་བར་བར་གྲ་སྒྲིག་བྱས་ཤིང་། ཕྱོགས་གཅིག་ནས་གཡོ་བ་མེད་པའི་སྙིང་སྟོབས་འཆང་ནས་མཱ་ཧོང་ཁིའི་དང་མཉམ་དུ་དམག་ཇུས་ལེགས་སྒྲིག་དང་ནུབ་བྱང་སྤྱི་ཁྱབ་པའི་ཐོབ་དབང་ལ་འཆར་འགོད་འཐེན།

      སྐབས་དེར། ནུབ་བྱང་དམག་ཁུལ་གྱི་མགོ་གཙོ་ཚོའི་ཁྲོད་དུ་ནུབ་བྱང་བདེ་འཇགས་སླད་ཞི་བའི་གྲོས་མོལ་གྱི་བསམ་བློ་བཅངས་ནས། དེའི་ཐད་གྲ་སྒྲིག་བྱེད་མཁན་སྔ་ས་མངོན་ཡོད་པ་དང་། མཁྱེན་དཔྱོད་ལྡན་པ་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་གོ་ཅི་ཅའོ་དང་། ཀྲུའུ་ཞི་གཞོན་པ་མིན་ཡས་ཀྲང་གཉིས་ཀྱིས་སྣེ་ཁྲིད་བྱེད་ཀྱི་ཡོད་པ་རེད། བཅིངས་གྲོལ་དམག་གི་གཏོར་རྒོལ་དེ་ས་གཏོར་གནམ་བརླགས་ཀྱི་ཚུལ་དུ་མངོན་བཞིན་ཡོད་ན་ཡང་། མི་ཉུང་ཤས་ཤིག་ད་དུང་ཡང་མགོ་བོ་རྨོངས་གཉིད་ལ་ཤོར་ཏེ་ནུབ་བྱང་དམག་སྲིད་ཀྱི་གཙོ་འགན་བླངས་ནས། ཉེ་བའི་ལོ་འགའི་རིང་ནུབ་བྱང་གི་རྒྱལ་བོ་བྱེད་འདོད་པའི་གསེར་མདོག་གི་རྨི་ལམ་ནང་ཐིམ་པར་གྱུར།

      ནུབ་བྱང་གི་མཱ་ཁྱིམ་རྒྱུད་ཁྲོད། སྟོབས་ཤུགས་ཆེས་ཆེ་བ་ནི། ཉིང་ཤའི་མཱ་ཧོང་དང་། མཚོ་སྔོན་གྱི་མཱ་པུ་ཧྥང་གཉིས་ཡིན། མཱ་པུ་ཧྥང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས། (གསེར་གྱི་ལག་རྟགས་སྤྱད་ནས། ཕྱི་འབྲེལ་འཛིན་པའི་ཐབས་ལམ།) མཐོ་རིམ་མགོ་ཁྲིད་ལིའི་ཙོང་རན་དང་། པེ་ཁྲོང་ཞི། ཡཱན་ཞི་ཧྲན་སོགས་གོ་མིན་ཏང་གི་མཐོ་རིམ་མགོ་ཁྲིད་ལ་ལྐོག་རྔན་སྤྲད་ཅིང་། པེ་ཁྲོང་ཞིས་ཀྱིས་སྐབས་དུ་མར་མཱ་པུ་ཧྥང་ནི་རྟ་རྒོད་འདུལ་དཀའ་བ་ཞིག་ཡིན་མོད། གང་ལྟར། ནམ་ཞིག་མཐུར་བཞག་ནས་ཞོན་ཆོག་པ་མ་ཟད། བེད་སྤྱོད་གཏོང་རྒྱུ་ལས་སླ་བོར་འདོད། ཡིན་ན་ཡང་། མཱ་ཧོང་ཁིའི་ནི་རྟ་གཡུང་མ་ཞིག་ཡིན་ཀྱང་། དུས་རྒྱུན་ས་ཆ་བརྟན་སྲུང་དང་མི་དམངས་བདེ་འཇགས་ངང་སྟོབས་ཤུགས་གསོག་འཇོག་བྱེད་པས་བློ་ཁེལ་བྱེད་ཆོག་པ་ཞིག་མིན་པར་བསམ་ཡོད། འོན་ཀྱང་། སྨོས་མ་དགོས་པ་ཞིག་ལ། མཱ་པུ་ཧྥང་གི་སྟོབས་ཤུགས་དེ་མཱ་ཧོང་ཁིའི་ལས་ཆེ་བ་རེད། འདི་ཡང་མཐའ་མཇུག་གི་རྒྱལ་ཕམ་ཁྲོད་ནུབ་བྱང་གི་དམག་སྲིད་འགན་ཁུར་ཁོ་ལ་སྤྲོད་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན།

      1949 ལོའི་ཟླ་5་བའི་ཚེས་18 ཉིན། མཱ་པུ་ཧྥང་ནུབ་བྱང་དམག་སྲིད་ཀྱི་མགོ་གཙོའི་ཚབ་ཏུ་བསྐོས་པ་མ་ཟད། དུས་མཉམ་དུ་སྐམ་དམག་གི་དམག་སྤྱིའི་ཁྲོད་དུའང་སླེབས་ཏེ། ནུབ་བྱང་གི་རྒྱལ་པོ་བྱེད་འདོད་པའི་རྨི་ལམ་ལ་རེ་བའི་མེ་སྟག་འཕྲོས། ཟླ་7 པའི་ནང་ཀྲང་ཀྲི་ཀྲུང་པེ་ཕིང་ (དེང་སྐབས་ཀྱི་པེ་ཅིང་།) དུ་བསྡད་པས། མཱ་པུ་ཧྥང་ནུབ་བྱང་གི་དམག་སྲིད་འགན་ཁུར་བར་དངོས་སུ་བསྐོ་བཞག་བྱས། སེམས་ནག་གདུག་རྩུབ་ཅན་གྱི་མཱ་པུ་ཧྥང་གིས་སྔར་མཚོ་སྔོན་གཅིག་པུར་དབང་སྒྱུར་བྱས་མོད། སྐབས་དེར་མངའ་ཐང་ཇེ་ཆེར་སོང་ནས་ནུབ་བྱང་ཧྲིལ་བོ་ཁོའི་དབང་སྒྱུར་འོག་ཚུད།

       ཁོས་མཚོ་སྔོན་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད་པའི་མཱ་ཇི་དང་། འཛུགས་སྐྲུན་ཁང་གི་འགོ་བ་མ་ལུའུ། གོ་མིན་ཏང་མཚོ་སྔོན་གནས་སྡོད་ཏང་གཙོ་མཱ་ཧྲའོ་ཝུ་བཅས་ཁྲིད་ནས་ལན་ཀྲུའུ་ལ་འགན་ཁུར་ལེན་དུ་ཕྱིན།

མཱ་པུ་ཧྥང་གིས་དྲག་པོའི་ནུས་པ་ཤུགས་ཆེན་པོ་བཀོལ་ཏེ། ནུབ་བྱང་ས་ཁུལ་གྱི་སྔར་གནས་དཔོན་པོའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བཏང་། དཔལ་འབྱོར་དང་། འཛུག་སྐྲུན་སོགས་ཕྱོགས་གང་ཐད་ནས་མཱ་ཁྱིམ་རྒྱུད་གཙོ་ཤུགས་ཀྱི་གནས་སུ་སྤར་ཏེ། ཚན་ཁག་རྣམས་ཀྱི་འགོ་ཁྲིད་གཞོན་པ་དང་། འཐུས་ཚབ་མི་སྣ་གཞོན་པའི་གོ་གནས་ཙམ་གཞན་ལ་དབང་བར་བྱས།

       གཞན་ཡང་། མཱ་པུ་ཧྥང་གིས་བསམ་བཞིན་དུ་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཀྲུའུ་ཞི་གོ་ཅི་ཅའོ་དང་། ཁོའི་མངའ་འོག་གི་མཱ་ཧོང་ཁིའི་གཞིས་རང་འཇགས་བཞག་སྟེ། དུས་ཚོད་སྐབས་དང་འཚམ་པ་ན་གོ་གནས་ལེན་རྩིས་བྱས།

       མཱ་པུ་ཧྥང་གིས་བཙན་སྐུལ་དང་རེ་འབོད་འོག་མཱ་དམག་མངགས་ཏེ། ཕྱོགས་སོ་སོའི་མགོ་ཁྲིད་རྣམས་ལན་ཀྲུའུ་ལ་བོས་ཏེ་ཁོ་རང་ལ་དཔོན་ས་ཐོབ་པར་རྟེན་འབྲེལ་ཞུ་རུ་བཅུག ལན་ཀྲུའུ་ལ་འབུལ་སྐྱེས་འབུལ་མཁན་གྱི་འཐུབ་ཚབ་མི་སྣས་གང་ཞིང་། དུས་ཚེས་བཟང་པོར་ཀྲུའུ་ཞི་གསར་བར་སྨོན་ཚིག་སྒྲོག་པ་དང་། གླུ་ལེན་བྲོ་རྡུང་གི་རྣམ་པས་ཁྱབ། མཱ་པུ་ཧྥང་གིས་ལན་ཀྲུའུ་གྲོང་ཁྱེར་ནས་ཁྱབ་རྒྱ་ཆེན་པོའི་ཐོག་གུང་ཁྲན་ཏང་མི་དང་འབྲེལ་ཡོད་མི་སྣ་རྩར་གཅོད་བཏང་ཞིང་། གལ་ཏེ་ནོར་འཁྲུལ་ཤོར་ནས་མི་སྟོང་ཕྲག་གཅིག་གསོད་དགོས་ཐུག་ཅིང་། གུང་ཁྲན་ཏང་མི་གཅིག་ཀྱང་འཆོར་དུ་འཇུག་མི་རུང་བའི་བཀའ་ཁྱབ་བཏང་། ཚང་མ་ཤེས་པ་ནི། མཱ་པུ་ཧྥང་གིས་མུན་ནག་གི་དབང་སྒྱུར་དང་ཁ་དོན་ཚིག་ལ་མི་གནས་པའི་སྲིད་ཇུས་བཟུང་ཞིང་། འཛིན་བཟུང་དང་དམར་གསོད་ཚད་མེད་བྱས་རྗེས། (ཛ་དྲག་གི་ནག་ཉེས་ཁྲིམས་དོན་) གཏན་འབེབ་བྱས་ཏེ། ནུབ་ཕྱོགས་ཡུལ་ཁག་ལ་སྲོག་ཁྲིམས་གཅོད་པའི་ལས་འགུལ་ཚིམ་པ་མེད་པར་རྒྱ་བསྐྱེད།

       འོན་ཀྱང་། མཱ་པུ་ཧྥང་གིས་མཛེས་སྡུག་ལྡན་པའི་རྨི་ལམ་ལ་མགྱོག་མྱུར་ངང་གཏོར་བཅོམ་ཕོག ཟླ་8་ཚེས་20 ཉིན། ཕེང་ཏི་ཧྭེ་ཡིས་སྣེ་ཁྲིད་པའི་བཅིངས་གྲོལ་དམག་འཐབ་ར་དང་པོའི་དམག་ཤོག་གིས་ལན་ཀྲུའུ་དམག་འཁྲུགས་བསླངས། བཅིངས་གྲོལ་དམག་གིས་ལན་ཀྲུའུ་ལ་ཕྱོགས་ཡོངས་ནས་ཕར་རྒོལ་བྱེད་པའི་ཉིན་གཅིག་གི་སྔོན་དུ། མ་པུ་ཧྥང་ལྐོག་ལྐོག་སིལ་སིལ་ངང་གཞིས་རྙིང་ཟི་ལིང་དུ་ལོག་ཅིང་། རང་གི་བུ་དམག་དཔོན་མཱ་ཅི་ཡན་དང་ཁོའི་མངའ་འོག་གི་དམག་དཔུང་དེར་བཞག་སྟེ་ཤ་རུས་འཐོར་བའི་དམག་འཁྲུགས་ལ་ཞུགས་སུ་བཅུག་ཅིང་། རང་ཉིད་ཀྱིས་འབད་རྩོད་ཆེན་པོས་མཁའ་དམག་ཚན་པའི་གནམ་གྲུ་སྤྱད་དེ (ཁྱོན་གནམ་གྲུ་དགུ་ཡོད།) རྒྱུན་རིང་གསོག་འཇོག་བྱས་པའི་རྒྱུ་ནོར་ཕྱི་ཕྱོགས་སུ་སྐྱེལ་ཅི་ཐུབ་བྱས། ཐོག་མའི་ཆར་ཞང་ཀང་དང་རྗེས་སུ་ཨེ་ཤ་ཡ་དབུས་མར་བསྐྱལ།

        ཟླ་ 8 ཚེས་27 ཉིན་ལན་ཀྲུའུ་བཅིངས་གྲོལ་བྱས། བཀང་ཀྲུའུ་རུ་ཡོད་པའི་གོ་མིན་ཏང་སྲིད་གཞུང་གིས་མཱ་པུ་ཧྥང་རང་དགར་ག་ལ་འཇོག ཉིན་དེར། གོ་མིན་ཏང་རྒྱལ་སྲུང་སྡེ་ཁག་གི་བློ་ཆེན་ཞུའུ་ཡུང་ཁྲང་ཡཱན་ཞུའུ་ཧྲན་གྱི་བཀའ་བཀོད་ལྟར་གནམ་གྲུར་བསྡད་དེ་ཟི་ལིང་དུ་སོང་། ཕྱོགས་གཅིག་ནས་མཱ་པུ་ཧྥང་གིས་རང་འགན་ཁུར་མ་ཐུབ་པར་སྐྱོན་འདོགས་འདྲི་གཅོད་དང་། ཕྱོགས་གཞན་ནས་ཟི་ལིང་རྟེན་གཞིར་བཟུང་ནས་དམག་འཁྲུགས་གྲ་སྒྲིག་དང་བརྟན་སྲུང་བྱེད་སྟངས་སྐོར་ལ་སློབ་སྟོན་བྱས། མཱ་པུ་ཧྥང་གིས་དང་ལེན་བྱེད་མ་འདོད་པར་ཞུའུ་ཡུང་ཁྲང་དང་ལྷན་དུ་ཁ་རྩོད་དྲག་པོ་ཤོར། 

       མཐའ་མཇུག་མཱ་པུ་ཧྥང་ལ་གོ་མིན་ཏང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་ལྟར། བུད་མེད་ཁྱུ་ཚོགས་ཤིག་ཁྲིད་དེ་ཁྲིང་ནཱ་ཏི་དམངས་སྤྱོད་གནམ་གྲུར་བསྡད་དེ། ཞུའུ་ཡུང་ཁྲང་ལ་རྒྱབ་བཅོལ་ནས་ཁྲུང་ཆིང་དུ་འཕུར། དེ་ནས་བཟུང་ལོ་ངོ་བཞི་བཅུའི་རིང་དབང་སྒྱུར་བྱས་པའི་མཚོ་སྔོན་དང་གཏན་ནས་ཁ་བྲལ།

       ཟླ་9 ཚེས 6 ཉིན་ཁྲུང་ཆིང་དུ་སྡོད་པའི་མཱ་པུ་ཧྥང་ལ། ཟི་ལིང་བཅིངས་གྲོལ་དམག་གིས་བཙན་བཟུང་བྱས་པའི་གནས་ཚུལ་འབྱོར་ཞིང་། ཁོ་རང་སེམས་སྡུག་གིས་ངུ་འབོད་དྲག་པོ་བྱས། ཁྲུང་ཆིང་དུ་ཡོད་པའི་ཡུང་ཞུའུ་ཁྲང་གིས་མཱ་པུ་ཧྥང་ལ་འགན་ཁུར་བདའ་འདེད་ཀྱིས་དཀའ་ངལ་བཟོས་ཤིང་། ཕྱོགས་གཅིག་ནས་མཱ་པུ་ཧྥང་གིས་ཁྲུང་ཆིང་དུ་དབོར་བའི་རྒྱུ་ནོར་གྱི་ཆ་ཤས་རེ་གཞུང་ལེན་བྱས།

      མཱ་པུ་ཧྥང་ཡང་ཁྲུང་ཆིང་དུ་ཡུན་རིང་འདུག་མ་ཕོད་པར། གནམ་གྲུར་བསྡད་ནས་བཀང་ཀྲུའུ་རུ་སོང་ཞིང་། གློག་འཕྲིན་བརྒྱུད་ནས་ནུབ་བྱང་གཡུལ་ས་ན་ཡོད་པའི་མཱ་ཅི་ཡན་མྱུར་མོར་བཀང་ཀྲུའུ་རུ་ཡོང་དགོས་པའི་བཀའ་ཕབ། ཅང་མ་འགོར་བར། མཱ་ཁྱིམ་རྒྱུད་དང་། མཚོ་སྔོན་མཱ་ཚོགས་ཁག་གི་མི་སྣ་གཙོ་བོ་རྣམས་རིམ་བཞིན་བཀང་ཀྲུའུ་རུ་འབྱོར།

      ཡིན་ན་ཡང་། བཀང་ཀྲུའུ་ཡང་གཏན་སྡོད་ཆོག་པའི་གནས་ཤིག་ག་ལ་ཡིན། ཟླ་9 བའི་ཟླ་སྨད་དུ་མཱ་ཁྱིམ་རྒྱུད་ཀྱི་མི་ཡོད་དོ་ཅོག་ཞང་ཀང་དུ་བསྐྱོད་ཅིང་། ཧང་ཧུའུ་ལམ་ཆེན་གྱི་སྒོ་ཨང་100 བའི་ནང་དུ་གནས་གཞི་བཅས། འདི་ནི་བྱང་ཕྱོགས་མཚོ་འགྲམ་དང་འབྲེལ་ཞིང་། ལྷོ་ཕྱོགས་ཞང་ཀང་རི་འདབས་ཀྱི་སྲང་ལམ་ཆེན་པོ་ཞིག་རེད། དེའི་སྐབས་ཏེ་ཟླ་10 བའི་ཟླ་སྨད་དུ་ཅང་ཅེ་ཧྲིས་གློག་འཕྲིན་བརྒྱུད་མཱ་པུ་ཧྥང་ཐའེ་ཝན་དུ་འབོད་འགུག་བྱས། མཱ་པུ་ཧྥང་གིས་དང་ལེན་མི་བྱེད་ཐབས་མེད་བྱུང་སྟེ་མི་འདོད་བཞིན་དུ་ཐའེ་ཝན་དུ་འབྱོར།

      ཁོས་ནུབ་བྱང་དམག་འཁྲུགས་ཕམ་ཉེས་བྱུང་བའི་འགན་འཁྲི་ཡོངས་རྫོགས་མཱ་ཧོང་ཁིའི་མགོར་བཞག་མོད། ཅང་ཅེ་ཧྲིས་མ་པུ་ཧྥང་ལ་ཕྱིར་ནུབ་བྱང་དུ་བསྐྱོད་དེ། ཕམ་དམག་བསྡུ་རུབ་དང་འབྲེལ། གུང་ཁྲན་ཏང་ལ་ཁ་གཏད་འཇལ་ཏེ་ནུབ་བྱང་ཕྱིར་ལེན་དགོས་པའི་བཀའ་ཕབ། དོན་དངོས་ཐོག་ནུབ་བྱང་ཕྱིར་ལེན་རྒྱུ་དེ་ཡོང་ཐབས་མེད་པ་ཞིག་ཡིན་པས། བཀའ་བཀོད་དེ་ནི་བསམ་བཞིན་དུ་མཱ་པུ་ཧྥང་འཆི་སར་སྐྱེལ་བ་དང་འདྲ་བས་ཁོ་རང་ཡིད་སེམས་གཏིང་ནས་སྐྱོ་སྟེ་སེམས་ངལ་སྣོན་མ་ལྟ་བུར་གྱུར།

       ཟླ་10 བའི་ཟླ་མགོར་ཐའེ་ཝན་རྒྱལ་སྲིད་ལྷན་ཁང་གི་སྐབས་52 པའི་ཚོགས་ཆེན་བསྐོངས་ཤིང་། མཱ་པུ་ཧྥང་སྣང་མེད་སྐྱུར་འཇོག་བྱས་ཏེ། ལས་ཐོབ་ཅི་ཡང་མེད་པར་བྱས་པས། མཱ་པུ་ཧྤང་གིས་མུ་མཐུད་ཐའེ་ཝན་དུ་བསྡད་ན་འགྱོད་པ་རྟས་མི་ཟིན་པ་ཡོང་ངེས་པར་སྙམས་ནས། སྔར་གོམས་པའི་ཐབས་ལམ་སྟེ། གསེར་གྱིས་གོ་ས་ཉོ་བའི་བྱེད་ཐབས་བརྒྱུད། ཅང་ཅེ་ཧྲི་དང་ཐག་ཉེ་བ་གོ་མིན་ཏང་གི་མགོ་ཁྲིད་རྒན་པ་ཝུའུ་ཀྲུང་ཞིན་ལ་ཞུ་འབོད་ཞུས་པས། གཟོད་སླར་ཡང་ནུབ་བྱང་དུ་ལོག་མི་དགོས་པ་བྱུང་། འོན་ཀྱང་། གལ་ཏེ་མཱ་ཧོང་ཁིའི་ཐའེ་ཝན་དུ་འབྱོར་བ་བྱུང་ན་ཁོ་ལ་གཏན་ནས་བདེ་འཇགས་འབྱུང་མི་སྲིད་པ་སེམས་ལ་ཁྲིག་ཁྲིག་ཡིན་པས། ཐའེ་ཝན་ནི་ཁོ་རང་གཏན་སྡོད་ཀྱི་གནས་གཞི་མིན་པ་སྔར་ནས་ཤེས་ཡོད།

      ཟླ་10 བའི་ཚེས་11 ཉིན་མཱ་པུ་ཧྥང་ཕྱིར་ཞང་ཀང་དུ་འབྱོར་བ་དང་། ཁ་ཆེའི་གནས་ཆེན་མ་ཁཱ་རུ་གནས་མཇལ་ལ་འགྲོ་བར་ཁ་གཡར་ཏེ་དགོངས་འཁྲོལ་ཞུས་པ་མ་ཟད། ཕྱིར་བསྐྱོད་ལག་ཁྱེར་གྲ་སྒྲིག་བྱས་ཤིང་། དབྱིན་ཇིའི་མཁའ་འགྲུལ་ཚོགས་པའི་གནམ་གྲུ་གསུམ་གླས་ཏེ། ཁོ་དང་མཉམ་དུ་ཡོད་པའི་གཉེན་ཉེ་མི་གྲངས་ཉིས་བརྒྱ་ལྷག་ཡོད་པ་ཚང་མ་ཞང་ཀང་ནས་སོ་དྷི་ཨ་རབ་ཀྱི་རྒྱལ་ས་རི་ཡ་དྷ་རུ་བསྐྱོད།

       རི་ཡ་དྷ་རུ་འབྱོར་བ་ན་སོ་དྷི་རབ་ཀྱི་རྒྱལ་པོ་དངོས་སུ་མཚམས་འདྲིར་ཡོང་སྟེ། རིན་ཐང་ཆེ་བའི་རླངས་འཁོར་ཆུང་བ་ཞིག་མཚམས་རྟགས་སུ་སྤྲད། མཱ་པུ་ཧྥང་གིས་ཉེ་འཁོར་བ་རྣམས་ཀྱི་འཚོ་སྡོད་གནས་བབ་གོ་སྒྲིག་བྱས་ཚར་རྗེས། རླངས་འཁོར་ཆུང་བ་བཞི་ཉོས་ཏེ། ཉེ་འཁོར་ཉུང་ཤས་དང་ལྷན་དུ་མཱ་ཁ་རུ་བསྐྱོད།  མ་ཁཱ་ནས་ཁ་ཆེའི་སྟོན་པ་མུ་ཧ་མུད་ཀྱི་བང་སོ་ལ་མཇལ་ཙམ་བྱས་རྗེས་གནས་དེར་གཞི་བཅའ་བའི་བསམ་བློ་དོར་ཏེ། ལམ་སང་ཐའེ་ཧྥི་ཡུལ་དུ་ལོག་ནས་ཚ་གཡོལ་བྱེད་དགོས་ཐུག རྗེས་སུ་མཱ་པུ་ཧྥང་གིས་རྗེས་འབྲངས་པ་སྐོར་ཞིག་ཁྲིད་དེ་མཚོ་འགྲམ་གྲོང་ཁྱེར་ཇེད་རྡ་རུ་གཏན་སྡོད་བྱས། དེ་རུ་གནམ་གཤིས་ཚ་དྲོད་ཅུང་ཙམ་སྙོམ་པས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཀྱང་དེར་ཡོད།

      སྤྱི་ལོ་1950 ནས་བཟུང་མཱ་པུ་ཧྥང་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་གནས་སྡོད་བྱས་ཤིང་། རྒྱལ་ས་ཁེ་རོར་ལ་སྡོད་གནས་ཁང་བརྩེགས་ཤིག་ཉོས་ཤིང་། ནང་གི་མཛེས་བཟོ་དང་རྒྱས་སྤྲོས་ཡུལ་དེའི་རྒྱལ་པོ་ལས་ལྷག་ཙམ་བྱས། ཐོག་བརྩེགས་བཅུ་གསུམ་ཡོད་པའི་ཐོག་ཁང་གཞན་ཞིག་ཀྱང་ཞབས་འབྲངས་པ་ཚོའི་སྡོད་གནས་སུ་སྦྱར། རྒྱུ་དངུལ་གསོག་འཇོག་སླད་དུ་ཞབས་བྲོ་ཁང་གཅིག་དང་མགྲོན་ཁང་གསུམ་གཉེར་ཏེ་ཚོང་ལས་ཀྱང་བྱས།

      གོ་མིན་ཏང་གི་མཐོ་རིམ་དཔོན་རིགས་ཁྲོད་མཱ་པུ་ཧྥང་ལྟ་བུའི་མི་གཞི་འཆལ་ཞིང་། ཁྲེལ་དང་ངོ་ཚ་བོར་བ་མཐོང་དཀོན་པའི་ཚོད་དུ་ཡོད། ཁོ་མཚོ་སྔོན་དུ་སྡོད་སྐབས་བཤད་དོན། ང་སྐྱེད་པའི་ཨ་མ་དང་། ངས་བསྐྱེད་པའི་བུ་མོ་མ་གཏོགས། བུད་མེད་སུ་ལ་འཁྲིག་པ་སྤྱད་ཀྱང་ཅེས་མི་ཆོག ཞེས་བཤད་མྱོང་། རང་འོག་དམག་ཁུལ་གྱི་བུད་མེད་དང་། རང་གི་གཉེན་ཉེར་གཏོགས་པའི་སྲིང་མོ། ཚ་མོ། ཕུ་བོའི་བཟའ་ཟླ་སྟེ་སྲུ་མོ། ནུ་བོའི་ཆུང་མ་དང་བཅས་པ་ཁོའི་ལག་འོག་ནས་འཆོར་མ་མྱོང་བས། ཨེ་ཅིབ་ཏུ་ཡང་ཁོའི་ངན་གཤིས་སྒྱུར་མ་ཐུབ་པར། མགྲོན་ཁང་གི་ཞབས་ཞུ་མ་དང་། ཞབས་བྲོ་ཁང་གི་གར་མ། ཁེ་རོར་དུ་ཁོའི་རྗེས་འབྲངས་པར་གྱུར་བའི་བུད་མེད་ཕལ་མོ་ཆེར་མཱ་པུ་ཧྥང་གི་བཙན་གཡེམ་བྱས་པ་མ་ཟད། ཐ་ན་ཁོ་རང་གི་བུའི་བུ་མོར་ཡང་བཙན་གཡེམ་བྱས་ཏེ་ནལ་ཕྲུག་ཅིག་སྐྱེས། མི་ཁ་ངན་པ་འཁོར་བར་སྐྲག་སྟེ་ནལ་ཕྲུག་དེ་ཁོ་རང་གིས་དངོས་སུ་བསད། རྗེས་སུ་ཨེ་ཤ་ཡ་དབུས་མར་སྡོད་པའི་ཁོ་དང་རྒྱུས་ཡོད་རྒྱ་མི་ཚོས་ཐའེ་ཝན་གོ་མིན་ཏང་ལ་ཡར་ཞུ་བྱས་པར་གཞིགས་ན། རྒྱ་རིགས་དང་། ཧེ་རིགས། མན་རིགས། སོག་རིགས། བོད་རིགས། ཡུ་གུར་སོགས་མི་རིགས་འདྲ་བའི་བུད་མེད་ཁྱོན་བསྡོམས་ལྔ་སྟོང་ལས་མི་ཉུང་བར་མཱ་པུ་ཧྥང་གིས་བཙན་གཡེམ་བྱས་ཡོད་འདུག

      དེ་མཚུངས་སུ་མཱ་པུ་ཧྥང་གིས་ཁྱབ་རྒྱ་ཆེན་པོའི་ངང་སྒེར་གྱི་ཚོང་ལས་གཉེར། སྔར་གོ་མིན་ཏང་སྲིད་གཞུང་སྐབས་སྲིད་གཞུང་གིས་སྤྲད་པའི་ཕོན་ཧ་ཅང་ཆེ་བའི་དམག་ཕོག་རྣམས་ལྐོག་ཏུ་གསེར་ལ་བརྗེས་ཏེ། རྒྱ་གར་གྱི་ནག་ཁྲོམ་དུ་ཚོང་བསྒྱུར་དང་སྒེར་བདག་བྱས།

      1957 ལོར། ཨེ་ཅིབ་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་ལེན་བྱས་སྟབས། དོན་དེར་དགའ་བསུ་མེད་པའི་མཱ་པུ་ཧྥང་སླར་ཡང་སོ་དྷི་ཨ་རབ་ཏུ་སོང་སྟེ་གནས་བཅས། མཱ་པུ་ཧྥང་དབང་དྲག་ཆེ་བའི་དཔོན་ས་ནས་གློ་བུར་དུ་སྤྱི་དམངས་དཀྱུས་མར་ལྷུང་བས་ཉིན་རྒྱུན་དམིགས་བསལ་ལས་རྒྱུ་ཅི་ཡང་མེད་སྟབས། རྒྱ་མི་དང་ཨ་རབ་ཀྱི་དགེ་རྒན་ཁྱིམ་ཏུ་བོས་ནས་ཁྱིམ་མི་ཆེ་ཆུང་ཐམས་ཅད་ཀྱིས་ཨ་རབ་ཀྱི་ཡི་གེ་བསླབས། ད་དུང་ཆོས་པ་གདན་འདྲེན་གྱིས་ཁ་ཆེའི་ཁཱོ་རན་གྱི་མདོ་ཀློག་ཏུ་བཅུག ཕལ་ཆེར་དོན་གཞན་ལ་ཁ་ཡ་ཙམ་མི་བྱེད་པར་ཉིན་རྒྱུན་གཟབ་ནན་གྱི་ཆོས་ལ་ཉན་པ་ལྟར་བྱེད། བལྟས་ཚོད་ཀྱིས་ཧ་ཅང་ལྷིང་འཇགས་ལ་གནས་ན་ཡང་། དུས་རྒྱུན་འགྲམ་གྱི་མི་ལ། གནམ་འོག་དབང་སྒྱུར་དང་། ཆབ་སྲིད་གསར་འཛུགས་ཟེར་བ་ནི། སུ་རྒྱལ་ན་སུ་རེད། གང་ལྟར་ཀྱང་དེ་ལྟ་བུའི་འཁྲབ་ཚན་ཞིག་རེད། རི་མགོར་དེ་འདྲ་ཞིག་ལ་སོང་ནས། གླང་བུ་འདི་འདྲ་ཞིག་འབུད་ན་དེ་མི་ཆོག་པ་ཅི་ཞིག་ཡོད་སོགས་ཟེར།

       ཁོའི་བུ་མཱ་ཅི་ཡན་ཡུན་རིང་མ་འགོར་བར་བྲོས་ཏེ་ཕ་རྒན་སྡོད་སར་འབྱོར། ཕ་བུ་ངོ་འཕྲད་མ་ཐག་མཱ་པུ་ཧྤང་གིས་འཛུམ་བག་དང་བཅས་བརྗོད་དོན། ཁྱོད་སླེབས་པ་ཡག་པོ་བྱུང་། དམག་དཔུང་ཚང་མ་ཁོ་ཚོར་སྤྲད་པ་ཡིན་ནམ་ཟེར། མཱ་ཅི་ཡན་གྱིས་ལན་དུ། ཡིན། ཚང་མ་ཁོ་ཚོར་སྤྲད་ཟིན་ཞེས་པས། དེ་དགོས་རེད་འགྲིག་འདུག་ཅེས་ཟེར། གང་ལྟར་མཱ་པུ་ཧྥང་གི་ཕྱི་ཚུལ་དུ་དམིགས་བསལ་ཕངས་སེམས་ཀྱི་རྣམ་པ་ཅི་ཡང་མེད་པར་དགའ་དགའ་སྤྲོ་སྤྲོའི་ངང་བསྡད་མོད། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག རླུང་གཡུག་རྩྭ་གཡོ་བའི་ཚོད་དུ་སླེབས་པ་ན་ཁོ་ལ་སླར་ཡང་གུང་ཁྲན་ཏང་ལ་རྒོལ་བའི་སེམས་འདུན་མངོན་དུ་གྱུར།

       ལོ་རབས་ལྔ་བཅུ་བའི་མཇུག་ཏུ་ཐའེ་ཝན་གྱིས་གུང་ཁྲན་ཏང་ལ་རྒོལ་བའི་རྒྱལ་སྤྱིའི་བྱ་འགུལ་བྱུང་བ་དང་། མཚོ་སྔོན་དང་ཀན་སུའུ་སོགས་སུ་མི་རིགས་བར་གྱི་གནད་དོན་སྣ་ཚོགས་ལངས་པས། ཁོ་ཚོའི་གུང་རྒོལ་ལ་རེ་བ་ཡོད་པར་བསམ། མཱ་པུ་ཧྥང་གིས་ཀྱང་གོ་སྐབས་བཟུང་སྟེ་ཁས་ལེན་བྱས་པ་ནི། ཁོས་རྩ་འཛུགས་བྱས་པའི་འཇབ་དམག་གིས་ནུབ་བྱང་ས་ཁུལ་ནས་གུང་ཁྲན་ཏང་གི་གདོང་ལ་འབུད་ངེས་ཤིང་། རྒྱ་ནག་ནས་མཱ་ཁར་གནས་མཇལ་དུ་ཡོང་མཁན་ཚོའི་ཁྲོད་ན་ཡང་ཁོའི་རྗེས་སྐྱོང་བ་ཡོད་པ་མ་ཟད། རྒྱ་ནག་ནང་ལོགས་ཀྱི་འཇབ་དམག་རུ་ཁག་གིས་ཁོ་རང་གུང་རྒོལ་གྱི་འགོ་ཁྲིད་བྱེད་དུ་གདན་འདྲེན་ཡང་ཡང་ཞུས་ཚུལ་ཀྱང་བཤད།

      སོ་དྷི་ཨ་རབ་ཏུ་རྒྱ་མི་ཧ་ཅང་མང་པོ་ཡོད། ཐམས་ཅད་ཀྱང་རྩེ་གཅིག་ཏུ་ཁ་ཆེའི་ཆོས་ལ་དད་པ་བྱེད་མཁན་ཤ་སྟག་ཡིན། མཱ་པུ་ཧྥང་གི་སླར་ཡང་ས་གནས་ཀྱི་རྒྱལ་པོ་བྱེད་པའི་རྨི་ལམ་བཏང་སྟེ། ཐབས་ཤེས་སྣ་ཚོགས་བརྒྱུད་སོ་དྷི་ཨ་རབ་ཀྱི་ཐའེ་ཝན་གཞུང་ཚབ་ཆེན་མོའི་གོ་ས་ཐོབ། ཡིན་ན་ཡང་། མཱ་པུ་ཧྥང་གི་ཨ་རབ་ཀྱི་སྐད་ཆ་ཡག་པོ་བཤད་མི་ཐུབ་པ་མ་ཟད། ཁོའི་རྒྱ་ཡིག་གི་ཆུ་ཚད་ཀྱང་ཧ་ཅང་སྐྱོ། ཕལ་ཆེར་ཡིག་རྨོངས་པའི་ཚོད་དུ་ཡོད། དེའི་ཕྱིར་ནམ་ཡང་ཕྱི་འབྲེལ་རང་བཞིན་གྱི་ཚོགས་འདུར་ཞུགས་རྒྱུར་འཚེར་སྣང་ཡོད་པ་མ་ཟད། གཞུང་ཡིག་ལ་ཡང་閱ཡིག་ཅིག་བྲིས་རྗེས་གཞན་དག་ཚང་མ་དྲུང་ཡིག་ལ་བཤད་ནས་འབྲི་རུ་འཇུག

      ལོ་རབས་ལྔ་བཅུ་བའི་མཇུག་ཏུ་ཐའེ་ཝན་གྱིས་སོ་དྷི་ཨ་རབ་ཀྱི་རྒྱལ་པོ་གདན་འདྲེན་ཞུ་བའི་འགན་བཞག་སྟེ། སོ་དྷིའི་ཨ་རབ་ཏུ་ཐའེ་ཝན་གྱི་སྣང་བརྙན་ཇེ་མཐོར་གཏོང་འདོད་བྱུང་ན་ཡང་། མཱ་པུ་ཧྥང་གིས་དེ་ལྟར་བསྒྲུབས་ན་ཁོ་རང་རྒྱལ་པོ་ལྷན་དུ་ཐའེ་ཝན་དུ་ཕྱིར་ལོག་བྱེད་དགོས་པ་དྲན་ཏེ་འགན་ཁུར་གཡོལ་ཐབས་ཀྱིས། ཡང་དང་རིམ་པས་ཕྱིར་སྣུར་བྱས་ཏེ་མཐའ་མཇུག་གྲག་མེད་དུ་སོང་། ཁོས་གཞུང་ཚབ་ཀྱི་འགན་ཁུར་བའི་ལོ་བཞིའི་རིང་ཐེངས་མ་གཅིག་ཀྱང་ཐའེ་ཝན་དུ་གཞུང་དོན་ཡར་ཞུ་སོགས་ལ་འགྲོ་མ་མྱོང་།

      མཱ་པུ་ཧྥང་གིས་ཨ་རབ་ཏུ་སྡོད་པའི་རྒྱ་མི་ཚོར་གཉའ་གནོན་བཏང་བ་ཡང་ཧ་ཅང་གདུག་རྩུབ་ཆེ། སོ་དྷི་ཨ་རབ་ཀྱི་རྒྱ་མི་ཕལ་ཆེ་བས་འཚེམ་བཟོ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས། མཱ་པུ་ཧྥང་གིས་འཚེམ་བཟོའི་འཕྲུལ་འཁོར་ཡོངས་རྫོགས་སྡེབ་ཏུ་ཉོས་ནས། རྒྱ་མི་འཚེམ་བཟོ་བར་གོང་ཐང་ལྡབ་སྤར་གྱིས་མི་ཉོ་ཐབས་མེད་བྱས། རྒྱལ་ཁབ་སྣ་ཚོགས་ནས་སོ་དྷི་ཨ་རབ་ལ་གནས་མཇལ་དུ་ཡོང་བའི་རྒྱ་མི་ཚོའི་ས་ནས་ཀྱང་། ཁོ་རང་གི་འདོད་བབ་ལྟར་གྱི་དངུལ་དངོས་གཡོ་ལེན་བྱས། གལ་ཏེ་འདོད་པ་ལྟར་མ་བསྒྲུབས་ན་སོ་དྷིའི་གཞུང་ཕྱོགས་མི་སྣ་དང་ངན་འབྲེལ་གྱིས་ཐོངས་མཆན་ལ་བཀག་འགོག་དང་། ལག་ཁྱེར་འཕྲོག་པ་སོགས་ངན་སྤྱོད་སྣ་ཚོགས་བསྒྲུབས།

      མཱ་པུ་ཧྥང་སོ་དྷི་ཨ་རབ་ལ་ཐོག་མར་སླེབས་ནས་ཅང་མ་འགོར་བ་ན། ནམ་རྒྱུན་བུད་མེད་ཁྱུ་ཚོགས་ཤིག་ཁྲིད་དེ་གནས་སྐོར་ལ་འགྲོ། ཉིན་ཞིག་ཆོས་དཔོན་ཞིག་གི་སེམས་ལ་མི་གཅིག་ལ་འདི་འདྲའི་ཆུང་མ་མང་པོ་ཞིག་ཡོད་སྟངས་མེད་པས། ངེས་པར་གཞན་གྱི་བུད་མེད་འཕྲོགས་པ་གོར་མ་ཆག་སྙམ་སྟེ། མི་ཁྱོད་ཀྱིས་གཞན་གྱི་བུད་མེད་འཕྲོགས་ཏེ་ཆོས་ཁང་དུ་འོང་ན། ལྷའི་ཞིང་ཁམས་བཙོག་པོར་འགྲོ་བ་འདུག  ཁྱོད་ད་ནས་ཆོས་ཁང་དུ་ཡོང་ན་ངས་འགྲམ་ལྕགས་དང་ལྷན་དུ་ཕྱིར་འདེད་ངེས་ཤིང་། སྲིད་གཞུང་ལ་བཤད་དེ་ཁྱོད་རང་རྒྱལ་ཁབ་འདིའི་ནང་འཛུལ་མི་ཆོག་པ་བཟོ་ངེས་ཞེས་བརྗོད་པས། ཁོ་རང་སྐྲག་ཐག་ཆོད་དེ། གནས་སྐབས་རིང་བུད་མེད་རྣམས་ཉེ་འགྲམ་གྱི་མི་ལ་བཅོལ་མོད། ཁོ་ཚོས་འདི་འདྲ་མང་པོ་ཞིག་གསོ་དཀའ་ཞེས་པས་དངུལ་མང་པོ་གཏོང་དགོས་ཐུག གནས་མཇལ་གྲུབ་རྗེས་ལེན་དུ་སོང་བས། ཕྱིས་སུ་སྤྱི་ཚོགས་ཁྲོད་དོན་དག་དེ་དགོད་གཏམ་དུ་གྱུར་ཡོད།

      1961 ལོའི་སྟོན་ཁར། སོ་དྷི་ཨ་རབ་ཀྱི་ཐའེ་ཝན་གཞུང་ཚབ་ཆེན་མོ་མཱ་པུ་ཧྥང་ལ་གཏམ་ཡན་གྱི་དྲི་ངན་ལྡང་མགོ་བརྩམས། དྲི་ངན་དེའི་འབྱུང་ཁུངས་ནི་ཆུང་མ་ལྔ་པ་མཱ་ཡེ་ལན་གྱིས་རྒྱབ་འགལ་བྱས་པ་དང་འབྲེལ་ནས་བྱུང་། མཱ་ཡེ་ལན་ནི་མཱ་པུ་ཧྥང་གི་ཕ་སྤུན་ནུ་བོ་མཱ་ལོང་གི་བུ་མོ་ཡིན་ཞིང་། མཱ་པུ་ཧྥང་ཁེ་རོར་ལ་འགྲོ་སྐབས་མཱ་ལོང་ཁྱིམ་མི་ཁོའི་རྗེས་སུ་འབྲངས་ཏེ་སོང་། མཱ་པུ་ཧྥང་གིས་ཚ་མོའི་མཛེས་སྡུག་བློར་བབས་ཏེ་མོ་རང་ཁོའི་ཆུང་མ་བྱེད་དགོས་པར་བརྗོད་པ་མ་ཟད། མཱ་ལོང་བཟའ་ཟླ་གཉིས་ལ་ཁྱོད་གཉིས་ཀྱིས་བུ་མོ་ང་ལ་མི་སྟེར་ན། ཁྱིམ་ཚང་གང་བོ་ངས་གསོན་ངོགས་ནས་མི་འཇོག་ཅེས་སྡིག་ར་བསྐུལ་བས། མཱ་ཡེ་ལན་དེ་ནས་བཟུང་སྡེ་ཨ་ཁུ་མ་པུ་ཧྥང་གི་རྩེད་ཆས་སུ་གྱུར།

      མཱ་པུ་ཧྥང་སོ་དྷི་ཨ་རབ་ཏུ་གཞུང་ཚབ་ཆེན་མོ་བྱེད་པའི་སྐབས་སུ། མཱ་ཡེ་ལན་ཇིད་དྷའི་སྡོད་གནས་སུ་བཀག་སྡོམ་བྱས་ཏེ་བཞག་ཅིང་། སྐྱེས་པ་སུ་གཅིག་དང་འབྲེལ་བ་བྱེད་མི་ཆོག་པའི་ཁྲིམས་བཞག་པ་མ་ཟད། རྒྱུན་དུ་མཱ་པུ་ཧྥང་གི་གཅར་རྡུང་བཟེད་དགོས་ཐུག་གི་ཡོད། དེ་ལྟར་མཱ་ཡེ་ལན་ཕ་མ་གཉིས་དང་མིང་སྲིང་རྣམས་ལ་ཁ་ཐག་ཇེ་རིང་དུ་གྱུར། བསམ་ཡུལ་འདས་པ་ཞིག་ལ། རྗེས་སུ་མཱ་པུ་ཧྥང་གིས་མཱ་ཡེ་ལན་གྱི་ཨ་མ་དང་མོའི་ནུ་མོ་གཉིས་ལ་ཡང་འཆལ་སྤྱོད་བྱས་པ་མ་ཟད། མོ་ལ་འཕྲིན་བསྐུར་ཏེ་མ་དང་བུ་མོ་ཚང་མ་ཁོ་དང་ལྷན་དུ་གཞུང་ཚབ་ཁང་དུ་བཟའ་ཚང་གཅིག་མཐུན་གྱི་འཚོ་བ་རོལ་དགོས་པར་བཤད། མཱ་ཡེ་ལན་གྱིས་ཨ་མ་དང་བུ་མོ་ཚང་མས་ཁྱོ་ག་གཅིག་རོལ་གྱི་སྐྱུག་བྲོའི་འཚོ་བ་རོལ་འདོད་མ་བྱུང་བས་མཱ་པུ་ཧྥང་གི་རེ་བ་དང་ལེན་མ་བྱས། མཱ་པུ་ཧྥང་གིས་ཁོ་མོར་བཙན་སྐུལ་སྡུག་སྤྱོད་ཇེ་ཆེར་གྱུར། 

      དེ་དང་སྟབས་འགྲིག་པ་ལྟ་བུར། ཐའེ་ཝན་གཞུང་ནས་སོ་དྷི་ཨ་རབ་ཀྱི་གཞུང་ཚབ་ཏུ་གཞོགས་འདེགས་པ་སུང་ཤཱན་ཆན་ཟེར་བ་ཞིག་མངགས་གཏོང་བྱས། སུང་གི་ཆུང་མ་བསམ་བློ་གུ་ཡངས་པའི་ཕྱི་རྒྱལ་བ་ཞིག་ཡིན་ཞིང་། མཱ་ཡེ་ལན་གྱི་གནས་སྟངས་ལ་གདུང་སེམས་བཅངས་ཏེ། མོ་རང་སྟག་རྒན་གྱི་ཁ་ནས་ཐར་བར་རོགས་རམ་བྱས་ཤིང་། མཱ་ཡེ་ལན་རང་ཁྱིམ་དུ་སྦས་སྐུང་བྱེད་དུ་བཅུག དེར་མཐུད་ནས་མཱ་ཡེ་ལན་གྱིས་ཐའེ་ཝན་ཕྱི་སྲིད་ལྷན་ཁང་དང་། ཉེན་རྟོག་ལས་ཁུངས། གྲོས་ཚོགས་བཅས་ལ་འཕྲིན་ལམ་ནས་གནས་ཚུལ་ཡར་ཞུ་བྱས་ཤིང་། མོའི་ཕྱི་བསྐྱོད་ལག་ཁྱེར་མཱ་པུ་ཧྥང་གིས་འཕྲོགས་སོང་བས་ལག་ཁྱེར་གསར་པ་ཞིག་དགོས་པ་དང་། མྱུར་དུ་ཐའེ་ཝན་དུ་ཡོང་ནས་མོའི་ཨ་ཁུ་དང་ཁྱོ་ག་གཉིས་ཀ་ཡིན་པའི་ཐའེ་ཝན་གྱི་གཞུང་ཚབ་ཆེན་མོ། མཱ་པུ་ཧྥང་གི་སྐྱོན་མཚང་བརྟོལ་ཐུབ་རྒྱུའི་རེ་བཏོན།

      མཱ་པུ་ཧྥང་གིས་གནས་ཚུལ་དེ་ཤེས་རྗེས། ལམ་སང་གཞུང་ཚབ་ཁང་གི་མི་སྣར་བཀའ་ཕབ་སྟེ་དོང་རྒན་ཞིག་བརྐོ་རུ་བཅུག་སྟེ་སུང་ཤཱན་ཆན་གསོན་སྦས་བྱེད་པར་གྲ་སྒྲིག་བྱས། དངོས་སུ་མི་སྐོར་ཞིག་ཁྲིད་དེ་སུང་ཤཱན་ཆན་གྱི་སྒོ་གཏོར། སུང་ཤཱན་དང་མཱ་ཡེ་ལན་ཁང་ཐོག་གི་རབ་གསལ་དུ་བྲོས་ནས་ཕྱི་ལོགས་སུ་སྐད་ཆེན་པོས་སྲོག་སྐྱོབས་དགོས་པའི་འབོད་སྒྲ་བསྒྲགས། སོ་དྷི་ཨ་རབ་བདེ་སྲུང་ཕྱོགས་ནས་ཐད་ཀར་ཉེན་རྟོག་པ་མངགས་ནས་དེ་གར་མཱ་པུ་ཧྥང་འཛིན་བཟུང་དགོས་པའི་བཀའ་ཕབ། འོན་ཀྱང་། མཱ་པུ་ཧྥང་ནི་གཞུང་ཚབ་ཆེན་མོ་ཡིན་པས་དམིགས་བསལ་གྱི་ཐོབ་ཐང་རེ་འགའ་ཡོད་སྟབས། མི་གཞན་པ་རྣམས་འཛིན་བཟུང་གིས་བཀག་ཉར་བྱས།

       སྐབས་དེར། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཆེད་བསྐོས་གནས་ཚུལ་དེར་རྟོག་ཞིབ་མི་སྣ་ཡང་ཡུལ་དངོས་སུ་འབྱོར། (སོ་དྷི་ཨ་རབ་ཐའེ་ཝན་གཞུང་ཚབ་ལས་བྱེད་པར་ཕྱི་སྲིད་ལས་ཁུངས་ནས་ཐད་ཀར་བཀའ་འབེབས་གནང་བ་འདྲ། སྒྱུར་མཁན་གྱི་མཆན།) མཱ་པུ་ཧྥང་ལ་ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་བྱ་སྤྱོད་ཚབས་ཆེན་བཟོས་པར་སྐྱོན་བརྗོད་བྱས་པས། མཱ་པུ་ཧྥང་གིས་ཐད་ཀར་མགོ་བོ་སར་གླན་ཏེ། སྐུ་མཁྱེན། རྒྱལ་ཁབ་དང་ཏང་གི་ལས་དོན་དང་། ཁྱིམ་ཚང་གི་དོན་དག་གཅིག་ཏུ་མ་བསྲེ་རོགས་ཟེར་བཞིན་ཡར་ལངས་ཏེ། ཐད་ཀར་ཁང་ཀླད་ཀྱི་རབ་གསལ་ན་ཡོད་པའི་མཱ་ཡེ་ལན་ལ་སྡུག་སྨོད་བྱས། མཱ་ཡེ་ལན་ནི་རྒྱ་སྐད་དང་ཨ་རབ་སྐད་གཉིས་ཀར་བྱང་ཆ་ལྡན་པས། རྒྱ་སྐད་ཀྱིས་མཱ་པུ་ཧྥང་ལ་སྡིག་སྨོད་བྱས་ཤིང་། ཨ་རབ་སྐད་ཀྱིས་སྔ་ཕྱིའི་གནས་སྟངས་ཚང་མ་དེར་ཡོད་སོ་དྷི་ཨ་རབ་པ་རྣམས་ལ་གསལ་བཤད་བྱས་པས། མི་མང་དུ་འདུས་ཏེ་འགྲིམ་འགྲུལ་འགག་པའི་ཚད་ལ་ཐུག་ཅིང་། མཐའ་སྐོར་དུ་མི་བརྒྱད་བརྒྱ་ལྷག་འཛོམས། མཐའ་མཇུག་སོ་དྷི་ཨ་རབ་ཀྱི་ཕྱི་སྲིད་ལྷན་ཁང་གི་མི་སྣ་ཡོང་སྟེ་བར་འདུམས་བྱས། མཱ་ཡེ་ལན་ཁོ་ཚོའི་སྲུང་སྐྱོབ་འོག་ཕྱིར་ཐོན་ཏེ། ལ་བྷིན་ནན་རྒྱལ་ཁབ་བརྒྱུད་ཞང་ཀང་དུ་སོང་། མཱ་ཡེ་ལན་གྱིས་རང་གིས་མྱོང་བའི་དཀའ་སྡུག་ཞུ་གཏུགས་དང་འབྲེལ་ལམ་དུ་ཆས་པས་འགོག་རྐྱེན་ཅི་ཡང་མ་བྱུང་། གཞུང་ཚབ་མཱ་པུ་ཧྥང་གི་སེམས་ལ་མོ་རང་བྷེ་རུའུ་ཐུ་ལ་འབྱོར་རྗེས་ནུས་པ་ཅི་ཡང་མི་ཐོན་འདོད་ཡོད་ཀྱང་། འགོག་རྐྱེན་མེད་པར་ཞང་ཀང་དུ་ཤོར་བ་དེ་མཱ་བུ་ཧྥང་གི་བསམ་ཡུལ་ལས་འདས།

      མཱ་ཡེ་ལན་མ་འགྱངས་པར་ཐའེ་ཝན་དུ་ཐར་བ་མ་ཟད། ཐའེ་ཝན་གྱི་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུགས་བྱས། དེར་མཐུད། སོ་དྷི་ཨ་རབ་ཀྱི་རྒྱ་ནག་པ་ཚོས་ཀྱང་གཏུགས་བཤེར་གྱི་ཡི་གེ་ཆར་བ་འབབ་པ་ལྟར་ཐོན་པས། ཐའེ་ཝན་གྱི་ཚགས་པར་སྟེང་། <<མཛེས་མར་བཙན་གཡེམ་ལས་དགའ་སྐྱིད་འཚོལ་བའི། ། གཞུང་ཚབ་འཆལ་བོ་དེ་བག་ཚ་མི་འདུག>> དང་། <<བཙུན་མོའི་བྲང་ཁང་དུ་མཛེས་མས་བཀང་ཞིང་། ། རང་གི་ཚ་མོར་ཡང་སྡིག་ལག་བསྲིང་བ།>>  སོགས་འགོ་བརྗོད་དུ་འཁོད་པའི་གསར་འགྱུར་མང་པོ་ཐོན། ཐའེ་ཝན་ཉེན་རྟོག་ཕྱོགས་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་མཚན་སྙན་ལ་གནོད་བསྐྱལ་བ། བཙན་དབང་གིས་བུད་མེད་ལ་འཆལ་སྤྱོད་བྱས་པ། ཕྱི་སྡོད་རྒྱ་རིགས་ལ་བཙན་གནོན་བྱས་པ་སོགས་ཀྱི་ཉེས་སྐྱོན་བགྲངས་ཏེ། མཱ་པུ་ཧྥང་གི་གྱོད་གཞི་དེའི་རྗེས་འདེད་འགན་ཁུར་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྲིད་ལྷན་ཁང་ལ་བསྐུར།

      མཱ་པུ་ཧྥང་ཡང་རང་འདོད་ངང་ཉེས་པ་ངོས་ལེན་དུ་ག་ལ་ཡོང་། ཐའེ་ཝན་གཞུང་ཕྱོགས་ནས་ཀྱང་མྱུར་དུ་གཞུང་ཚབ་ཁང་ནས་བྱུང་བའི་དྲི་ངན་འགེབས་ཐབས་བྱེད་འདོད་ཡོད་པས། མཱ་པུ་ཧྥང་རང་འགུལ་ངང་གཞུང་ཚབ་ཀྱི་ལས་མཚམས་བཞག་པར་བསྒྲགས། མཱ་པུ་ཧྥང་གིས་སོ་དྷི་ཨ་རབ་ནས་སྤེལ་བའི་སྤྱོད་ངན་ས་གྲག་གནམ་གྲག་ཏུ་སོང་བས་དབུས་ཤར་རྒྱལ་ཁབ་གང་ནས་ཀྱང་། ཆོས་ལུགས་ཀྱི་ཕྱི་པགས་གོན་པའི་སྡིག་སྤྱོད་པ་དེ་རང་ཁོངས་སུ་ཡོང་རྒྱུར་དགའ་བསུ་མ་བྱས། དེ་ནས་བཟུང་མཱ་པུ་ཧྥང་རང་གི་སྡོད་གནས་སུ་དུས་ཚོད་འདའ་ཐབས་ཙམ་དུ་གནས།

      བཤད་ཚུལ་ལྟར་ན། སྤྱི་ལོ་1975 ལོར་མཚོ་སྔོན་ནས་གནས་མཇལ་དུ་འོང་བའི་ཁ་ཆེ་བ་རྒན་པོ་ཞིག་ལྐོག་ནས་མཱ་པུ་ཧྥང་ལ་ཐུག་ཏུ་སོང་། སྐབས་དེར་མཱ་པུ་ཧྥང་གིས་སྐད་ཆ་བཤད་མི་ཐུབ་པར་གྱུར་ཡོད་པས། ནུབ་ཕྱོགས་ཁོ་ནར་དར་བའི་ཐུན་མོང་མ་ཡིན་པའི་ལག་བརྡ་ལ་བརྟེན་པའི་གླེང་མོལ་བྱས། གླེང་མོལ་ལས་ཕ་ཡུལ་སྐོར་གླེང་དུས། རྒན་པོ་དེའི་ལག་པས། ལུག་མགོ། རྟ་མགོ། ནོར་མགོ་བཅས་ཀྱི་བརྡ་བྱས། མཱ་པུ་ཧྥང་གིས་མགོ་བོ་གཡུག་གཡུག་བྱེད་བཞིན་མིག་ཆུ་འགྲམ་ངོས་སུ་ལྷུང་ཞིང་། ལག་པས་གནམ་དང་། ས། རང་གི་སྙིང་ག་གསུམ་བསྟན་ཏེ། ཕ་ཡུལ་གྱི་བརྩེ་བ་མཚོན་ཐབས་བྱས་པར་གྲགས། དེ་ལྟར་མཐའ་མེད་པའི་སྐྱོ་གདུང་དང་འགྲོགས་ཏེ། སྤྱི་ལོ་1975 ཟླ 7 ཚེས 31 ཉིན་ཕོ་བའི་སྐྲན་ནད་ཀྱིས་ཡུན་རིང་གདུང་བའི་མཱ་པུ་ཧྥང་ཚེ་ལས་འདས། སྐབས་དེར་ལོ་73 ཡིན། ཕུང་པོ་སོ་དྷི་ཨ་རབ་ཏུ་དུར་སྦས་བྱས།

སྤྱི་ལོ་༢༠༡༨ ལོའི་ཟླ་༤ ཚེས་༡༦ ཉིན་ཐའེ་ཝན་དུ་བསྒྱུར།

兰州战役中,馬繼援率军與中國共產黨軍隊決戰失敗。1949年8月30日,乘飛機離西寧,前往香港[1]:9000。1949年隨中華民國政府退至台灣,1981年以中將軍銜退役,90年代初退職國大代表,2001年與夫人張訓芬從台灣移居約旦,之後又到馬步芳晚年居住过的沙烏地阿拉伯。2012年2月27日,病逝於沙烏地阿拉伯[2]


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/4/19 བལྟ་ཀློག (5450)