ལུང་རིག་ལ་མགྲིན་པ་ཡངས་པའི་ཐོས་མང་གི་སྐྱེས་བུ།

ལུང་རིག་ལ་མགྲིན་པ་ཡངས་པའི་ཐོས་མང་གི་སྐྱེས་བུ།


མགོན་ཁྱོད་གསེར་ལྗོངས་སྒེག་མོའི་ཉེ་འདབས་སུ་འཁྲུངས་ཏེ།།
མཚན་ལྡན་བཤེས་གཉེན་གུས་པས་སྤྱི་བོ་རུ་མཆོད་ཅིང་།།
ཁྱེད་ཐུགས་བུམ་པ་བཟང་པོ་ཡོན་ཏན་གྱིས་ལྟེམ་ནས།།
ལུང་རིག་ཀུན་ལ་མགྲིན་ཡངས་ཐོས་མང་གི་སྐྱེས་བུ།།


སྔོན་བྱུང་ལུང་བསྟན་ཡོད་ཅེས་རང་བསྟོད་ཀྱང་མ་བསྒྲགས།།
མཁས་ཉམས་ང་རྒྱལ་རྫིག་པོ་ཁེངས་དྲེགས་ཀྱིས་མ་བསྐྲུན།།
ཆོས་གཟུགས་ལད་མོ་བྱེད་པའི་ཟློས་གར་དེ་མ་འཁྲབས།།
ཆོས་དོན་ཉམས་སུ་ལེན་མཁན་འདི་ཀོ་རང་རྨད་བྱུང་།།


ངལ་གསོ་སྐོར་གསུམ་ཀློང་ཆེན་མཛོད་བདུན་དང་།།
ཤེར་འགྲེལ་ངེས་སྒྲོན་བརྒལ་ལན་རྣམ་གཉིས་སོགས།།
མདོ་རྒྱུད་ཏམ་བུ་ར་ཡི་རྒྱུད་སྐུད་དག །
མ་འདྲེས་གསལ་ལ་དཀྲོལ་མཁས་ཟླ་བའི་དབང་།།


མཁྱེན་གསུམ་ལ་སོགས་མངོན་རྟོགས་རིམ་པ་ཡི།།
ཚུལ་བཞིན་སྟོན་གཞུང་ཤེར་ཕྱིན་མངོན་རྟོགས་སོགས།།
བསྟན་བཅོས་ཀུན་ལ་མང་ཐོས་ཚུལ་བཞིན་ལྡན།།
བཅུ་ཕྲག་རིག་གནས་ལེན་མཁས་ཙཎྚའི་མཚན།།


དཔྱད་གསུམ་དག་པས་སྒྲོ་འདོགས་བཅད་ནས་མཁས་པར་གྱུར།།
ལུང་རྟོགས་ཡོན་ཏན་གཞལ་བར་མི་ནུས་སི་ཏཱ་འདྲ།།
ཕུལ་བྱུང་མཁྱེན་ལྡན་སྟོང་དབྱིངས་གནས་ལ་ཐུགས་འདྲེས་ཤིང་།།
བསྟན་ལ་བྱ་བ་བྱེད་བཞིན་མཆིས་པ་ཟླ་བའི་དབང་།།

          
ཤེས་བྱའི་ཆོས་ཚུལ་བརྒལ་བའི་གྲུ་བོ་ཆེ།།
ཐར་ལམ་གླིང་དུ་བགྲོད་ལ་རྟག་བརྟེན་ཞིང་།།
རྣལ་འབྱོར་གོང་མའི་རྗེས་སུ་སྙེག་བཞིན་པའི།།
མི་ལ་གཉིས་པའི་ཐུགས་སྲས་ཟླ་བའི་དབང་།།

ད་ལྟའི་ཤཱཀ་ཐུབ་ཕོ་ཉས་བཀས་བསྐུལ་ནས།།
འགྲོ་མིའི་རྟེན་ལ་ཤར་བའི་ཚངས་པའི་རྟ།།
མདོ་སྔགས་ཚུལ་བཞིན་བཀྲལ་ཞིང་མུན་པ་སེལ།།
དམན་པ་བདག་ཀྱང་ཚེ་རབས་ཀུན་དུ་སྐྱོངས།།
     ཞེས་རི་བོའི་གྲངས་ལྡན་འདི་ནི་མཁན་ཆེན་བླ་མ་ཟླ་དབང་ལགས་ཀྱི་གསུང་གི་བདུད་རྩི་རེག་པའི་གུས་འབངས་དྲང་འཚོལ་གྱིས་བོད་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་བྲིས།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/11 བལྟ་ཀློག (1675)