ཞིང་ཁ།(ལྷུག་རྩོམ།)

ཞིང་ཁ།

(ལྷུག་རྩོམ།)

ལྷ་གསར་བ།
     མི་རྣམས་ཀྱིས་རང་རང་གི་མི་ཚེའི་ཁྲོད་དུ་རང་དབང་གི་སྙིང་ཉེ་བའི་ཕུགས་བསམ་ཞིག་འཚོལ་གྱིན་ཡོད་ལ་སྐྱོ་གདུང་གི་འཆར་ཡན་རིང་བོ་ཞིག་ཀྱང་དེ་རུ་བཟོ་བཞིན་འདུག  མ་གཞི་མི་ཚེ་ནི་འཇིག་རྟེན་གྱི་ངོས་སུ་འབྱར་བའི་ཞིང་ཁ་ཆུང་ཆུང་ཞིག་དང་འདྲ་བར།  ནམ་ཡང་ང་ཚོས་ཞིང་ཁ་དེ་རུ་སྙིང་དུ་སྡུག་པའི་ཉི་འོད་དང་གཙང་བོ་འདྲེན་པར་སེམས་ཁྲལ་སྐྱོ་སྣང་གིས་ཁེངས་ཡོད་ནའང་དེ་ནི་ལྡོག་བཞུར་གྱི་ཆུ་བོ་དང་འདྲ་བར་གཡོལ་ཐབས་ག་ལ་ནུས།    ང་ཚོས་རང་ཉིད་ལ་བཟོས་པའི་ཚེ་སྲོག་གི་སྡོམ་རྒྱ་དེའང་ཁེར་རྐྱང་གི་དུས་ཚོད་ངོགས་སུ་ལྡིང་བའི་རླུང་བུ་ཇི་བཞིན་ནང་སེམས་སུ་དལ་གྱིས་གཡོས་བྱུང་།  མི་ཚེའི་མཛེས་པ་འཚོལ་བའི་མི་ཚོགས་ཀྱི་ངོ་གདོང་སྲབ་མོ་འདི་ལྷིང་འཇགས་དང་འུར་ཟིང་ལ་བཀྱེད་ཅིང་ཁེར་རྐྱང་གི་བར་སྣང་ཞིག་བཟོ་བར་ཅིས་ཀྱང་གཞོལ་ཐབས་བྱས་ནའང་དེ་ནི་དངོས་གནས་སྟོང་བསམ་གྱི་མཁའ་དབྱིངས་ན་འཛུམ་པའི་ཡིད་འོང་གི་ཕོ་བྲང་ཞིག་ལ་ལག་སྙོབས་བྱས་པ་དང་འདྲའང་།    ཞིང་ཁ་འདི་མ་གཞི་མི་རྣམས་ཀྱིས་རྨི་ལམ་གྱི་སྒོ་འཕར་འབྱེད་སའི་མཛེས་སྡུག་གི་ས་གཞི་ཞིག་གམ་ཡང་ན་འཚོ་གནས་ཀྱི་སྙིང་པོ་བཙལ་སའི་རང་དབང་གི་ས་གཞི་ཞིག་ཀྱང་རེད།  དོན་དུ་འཇིག་རྟེན་གྱི་ཞིང་ཁ་འདི་རུ་འུ་ཅག་གི་འཚོ་བའི་དགའ་སྐྱོ་མཐའ་དག་གི་ལག་ཟུང་ཡང་དེ་རུ་བསྲིང་མྱོང་ལ་དོན་དུ་ཡང་སྙིང་ཅི་ཞིག་འཚོལ་བཞིན་པའི་མི་རྣམས་ཀྱི་སུན་སྣང་དང་ངལ་དུབ་ཡོད་ཚད་རང་ཉིད་ཀྱི་མི་ཚེའི་ཞིང་ཁ་རུ་གཏོར་བཞིན་འདུག་འང་། 

      རང་བྱུང་གི་མཛེས་པར་དགའ་བའི་མི་རྣམས་ཀྱི་མིག་ནང་དུ་ང་ཚོའི་ཚེ་སྲོག་གི་ལང་ཚོ་དལ་གྱིས་བཞད་ཅིང་རེ་སྒུག་གི་མིག་ཀོང་དུ་འཆར་བའི་རྨི་ལམ་དེ་དག་ཀྱང་ཡུན་གྱིས་ཞིང་ཁ་འདི་རུ་འབུས་བཞིན་འདུག  ཞིང་ཁ་འདི་རུ་མི་རྣམས་ཀྱིས་རང་ཉིད་ཀྱི་ཕུགས་བསམ་འཆར་སའི་མེ་ལོང་ཞིག་བཟོ་བཞིན་འདུག་ལ་དེ་དག་གི་ཁྲོད་དུ་འཇིག་རྟེན་གྱི་ཡིད་འོང་གི་དངོས་པོ་མཐའ་དག་ཀྱང་འཆར་བཞིན་འདུག
ནམ་ཞིག་མི་རྣམས་ཀྱིས་མཐའ་མཇུག་གི་ཁ་ཆེམས་སུ་འང་ཞིང་ཁ་འདི་རུ་སླར་ཡང་ལོག་པའི་བསམ་བློ་དང་སྨོན་ལམ་འདེབས་སྲིད།  ཞིང་ཁའི་ཉེ་འགྲམ་དུ་བཞད་པའི་མི་ཚོགས་ཀྱི་རླབས་རྒྱུན་རིང་མོ་འཇིག་རྟེན་གྱི་བསྐལ་བ་དུ་མའི་དབུས་སུ་འཕྱོ་བར་བྱེད་ཅིང་སྡུག་བསྔལ་དང་ཆགས་སྡང་གིས་ནང་སེམས་ཀྱང་བརླན་པར་བྱས།  དོན་དུ་ཞིང་ཁ་འདི་རྙིག་འཛིང་ཆེ་བའི་ཞིང་ཁ་ཞིག་རེད།
བསམ་གཞིགས་དང་ཞི་འཇགས་ཁེར་རྐྱང་སོགས་ཅི་ཡང་མེད་ས་ཞིག་ཀྱང་རེད།
ཞིང་ཁ་འདི་རུ་རླུང་གིས་དེད་པའི་རྩྭ་ལྗང་གི་སྒྲ་དབྱངས་བཞིན་དུ་མི་ཚོགས་ཀྱི་ང་གདོང་སྲབ་མོ་དག་ཀྱང་གནས་འདི་རུ་གཏོར་བཞིན་འདུག་འང་།
ཚེ་སྲོག་གི་རོལ་དབྱངས་འཇམ་པོ་དལ་གྱིས་ཞིང་ཁ་དེ་རུ་འགག་གྱིན་འདུག་ལ་དྭངས་གཙང་གི་ཞོགས་པ་བསིལ་མོ་འང་ཞིང་ཁ་དེ་རུ་ཐིམ་བཞིན་འདུག
2018/5/9

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/12 བལྟ་ཀློག (1997)