མ་ཡུམ་ལགས་འབྲོང་མོ།

རྨི་ལམ་ནང་གི་འབྲོང་མོ་ཁོང་ཡིན་རྒོད་པོའི་བཙན་རྫོང་ཞབས་ཀྱིས་མནན་ཡོད།།
མེས་པོ་ཞིག་གིས་ལྷ་ལ་མཆོད་ཡོད་མཐོ་སྒང་སྒལ་ཚིགས་བསྲུང་བར་བསྐོས་ཡོད།།
མ་ཡུམ་ལྷ་འབྲོང་རྒྱ་སྟག་ངར་མས་རྨ་འབྲིའི་རྒྱུད་ལ་ཚེ་སྲོག་བརྒྱུས་ཡོད།།
བརྩེ་བའི་ནུ་ཆུ་གཙང་བོར་འདྲིས་ཡོད་རྒྱ་མཚོའི་ཁྱོན་ལ་བྱམས་པས་བསྐྱངས་ཡོད།།
 
རྨི་ལམ་ནང་གི་འབྲོང་མོ་ཁོང་ཡིན་ས་ཡི་རྟེན་ཕུར་ཐུགས་ལ་བལྟིམས་ཡོད།།
མགྲིན་པའི་རྐན་ལ་དབྱངས་གསལ་འབྱར་ཡོད་རྩྭ་སྨན་ལྗོན་པ་མལ་དུ་བཏིང་ཡོད།།
མ་ཡུམ་འབྲོང་མོ་བདག་ཏུ་མ་བཟུང་གངས་རི་སྤང་ལྗོངས་སོགས་ལ་དབང་ཡོད།།
བརྩེ་བའི་མངའ་བདག་མ་ཡུམ་འབྲོང་མོ་དྲན་ཤིང་ཡུལ་གྱི་ཕུལ་དང་མཆོག་ཡིན།།
 
རྨི་ལམ་ནང་གི་འབྲོང་མོ་ཁོང་ཡིན་སྐྱེ་འགྲོ་དབུགས་ལྡན་མིག་གིས་འཚོས་ཡོད།།
རི་སྤྱང་ཚོགས་ཀྱི་གཤེད་མར་བབས་ཡོད་ལུང་བའི་ཕུ་མདར་རྭ་རྩེ་བསྣོལ་ཡོད།།
མ་ཡུམ་འབྲོང་མོ་འཁྱགས་ལ་མི་སྐྲག་དུས་བཞིའི་སྐྱོ་སྡུག་གདོང་གིས་བསུས་ཡོད།།
ས་གཞི་ཆེན་པོ་གསེར་གྱིས་བཀང་ཡང་མ་ཡུམ་དྲིན་ལན་འཇལ་ཐབས་མི་འདུག །
 
རྨི་ལམ་ནང་གི་འབྲོང་མོ་ཁོང་ཡིན་སུག་བཞིས་མེ་ཏོག་ཤེལ་ཕྲེང་བཏེགས་ཡོད། །
རྩིད་ནག་རྩུབ་པའི་ངང་རྒྱུད་རིང་ཞིང་རྭ་རྩེས་མི་འཇིགས་གོ་ཆ་བགོས་ཡོད། །
མ་ཡུམ་འབྲོང་མོ་མ་རུ་ཤེས་ཡོད་ཁུ་ལུ་མཐུག་པོའི་དྲོད་དེར་སྒུག་ཡོད། །
དུས་ཆེན་འདི་ལ་བྲེལ་འཚུབ་ཆེ་ཡང་མ་ཡུམ་དྲན་པ་རི་ལས་ལྕི་བ། །
སྐུ་འབུམ་དགོན་དུ།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/13 བལྟ་ཀློག (1956)