དེང་དུས་ཀྱི་སློབ་སྦྱོང་བྱེད་ཚུལ་ལས་འཕྲོས་པའི་འཆར་སྣང་ཕྲན་བུ།

༄། དེང་དུས་ཀྱི་སློབ་སྦྱོང་བྱེད་ཚུལ་ལས་འཕྲོས་པའི་འཆར་སྣང་ཕྲན་བུ།

ཐེ་བོ་དཀོན་སེང་།
       དེ་ཡང་ང་ཚོ་སློབ་གཉེར་བ་ཞིག་ལ་མཚོན་ན་སློབ་སྦྱོང་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་གོ་དོན་ལ་བསམ་གཞིག་གི་ཐོག་ནས་གོ་བ་གཏིང་གང་ཟབ་དང་རྒྱ་གང་ཆེ་རེ་བླངས་ཏེ་མི་ཚེའི་སློབ་གཉེར་གྱིས་རང་གཞན་ལ་ཕན་པའི་བྱ་བཞག་རེ་བསྒྲུབ་རྒྱུ་ནི་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ཞིག་ཏུ་འཛིན་དགོས་སྙམ། སློབ་ཅེས་པ་ནི་སྔར་མ་ཤེས་པའི་གནས་ཅི་རིགས་ཤེས་ཐབས་སུ་འབད་པ་དང་། སྦྱོང་ཞེས་པས་ནི་བསླབ་ཟིན་གྱི་ཤེས་ཚད་དེས་རང་རང་སོ་སོའི་སྒོ་གསུམ་ངན་སྤྱོད་ཀྱི་དྲི་མའམ་སྐྱོན་ཆའི་རིགས་དག་རེ་རེ་ནས་བསལ་བར་བྱེད་པའི་ཐབས་ཡག་ཤོས་ཤིག་ལ་གོ་དགོས་སྟབས། ཆོས་དང་འཇིག་རྟེན་གང་ལ་གཉེར་ན་ཡང་སློབ་སྦྱོང་ནི་མེད་ཐབས་མེད་པའི་རྩ་བའི་རྨང་གཞི་ལྟ་བུ་ཡིན་མོད། འོན་ཀྱང་ང་ཚོ་སེར་སྐྱ་གཉིས་ཀྱི་མི་ཚེའི་ལམ་ཕྱོགས་མི་འདྲ་ཕྱིན་སློབ་སྦྱོང་གི་དམིགས་ཡུལ་དང་ཁ་ཕྱོགས་ཀྱང་རྦད་དེ་ཁ་ཁ་སོ་སོར་གྱུར་བའི་གནད་དོན་ཤེས་རྒྱུ་གལ་ཆེའོ།།
       དེར་བརྟེན་ང་ཚོ་གྲྭ་བ་རྣམས་ཀྱིས་གྲྭ་བའི་མདུན་ལམ་དང་འཚམ་པའི་སློབ་སྦྱོང་བྱ་དགོས་ལ། ཁྱིམ་པ་ཚོས་ཁྱིམ་པའི་ལམ་ཕྱོགས་དང་འཚམ་པའི་སློབ་སྦྱོང་ལ་བརྩོན་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་སོང་ཤས་སྦྱང་བྱའི་སློབ་དེབ་ལ་ངེས་པར་དུ་

གདམ་གསེས་འཆུགས་མི་རུང་།  དཔེ་ཆུང་ས་ཞིག་ནས་མཚོན་ན་གྲྭ་བ་ཚོས་སྙན་ངག་གི་གཞུང་ལྟ་བུ་ལ་སྦྱོང་ཚེ་ཕོ་མོའི་བརྩེ་དུང་སོགས་ཆགས་སྲེད་སྐྱེད་པའི་འཆལ་གཏམ་རིགས་བརྗོད་བྱ་བྱས་པའི་སློབ་དེབ་ལ་མི་ལྟ་བར་ཆོས་ཕྱོགས་ཀྱི་བརྗོད་བྱས་ཕྱུག་པའི་སློབ་དེབ་དབྱངས་ཅན་དགྱེས་གླུ་དང་དབྱངས་གསལ་སྣང་མཛོད་ལྟ་བུའི་སྟེང་ནས་སྦྱོང་ན་གྲྭ་བའི་མདུན་ལམ་དང་ཆེས་འོས་ཤིང་མཐུན་པར་སེམས།  དེ་མིན་ཁྱི་དང་གློ་བ་འཕྲད་པ་ནང་བཞིན་དཔེ་དེབ་ཀྱི་བརྗོད་བྱའི་ལེགས་ཉེས་ལ་དཔྱད་པ་མེད་པར་གང་བྱུང་གི་དཔེ་ཚོགས་ལ་བསླབ་ན་ཁ་ཕྱོགས་ནོར་བའི་སློབ་ཚན་གྱི་ཤུགས་རྐྱེན་ལ་བརྟེན་ནས་གྲྭ་མགོ་མི་ཐོན་རྒྱུའི་ཉེན་ཁ་ཡང་ཡོང་ངེས་པས་སྔོན་ཆད་གྲྭ་ས་ཆེན་མོ་རུ་སྙན་ངག་སྦྱོང་རྒྱུ་ལ་དགག་བྱར་བལྟས་ཏེ་གྲྭ་གཞོན་དག་ལ་སྙན་ངག་གིས་མཚོན་པའི་ཐུན་མོང་རིག་གནས་བསླབ་པར་བཀག་འགོག་ནན་མོ་མཛད་སྲོལ་ཡོད།  དེས་ན་སློབ་ཚན་གྱི་གདམ་ག་མ་ནོར་བའི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་ཆེས་གལ་ཆེ་བའི་ཐོག་མའི་རྒྱུན་ཤེས་ཤིག་ཏུ་ངེས་དགོས།  ལྟ་རྒྱ་ཐོས་རྒྱ་གང་ཡང་མེད་པའི་བླུན་པོ་ཁ་ཤས་ཀྱིས་གཞུང་ཆེན་མོ་ལ་སློབ་གཉེར་གནང་མཁན་གྱི་གྲྭ་བ་ཞིག་ཡིན་ན་སྒྲ་སྙན་ངག་རྩིས་ས་རིས་སོགས་སྦྱོང་མི་རུང་བའི་སྒྲུབ་བྱེད་དུ་བསྟན་པའི་སྒྲོན་མེའི་བསླབ་བྱ་ལས།།སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ།།གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས།།རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།།ཞེས་པ་འདི་འདྲེན་པར་བྱེད་པ་ཡང་མ་གོ་བ་ཆེན་པོ་སྟེ། རྩ་བ་གཞུང་ཆེན་མོའི་སློབ་གཉེར་བཞག་སྟེ་ཡལ་ག་དེ་དག་གི་སློབ་གཉེར་ལ་བརྩོན་པ་ནི་མི་ལེགས་ཞེས་གསུངས་པ་མ་གཏོགས་རྩ་བ་གཞུང་ཆེན་སློབ་གཉེར་ཡོད་པའི་སྟེང་དུ་ཡལ་ག་སྒྲ་དང་སྙན་ངག     རྩིས་དང་ས་རིས་སོགས་ངེས་པར་སྦྱང་དགོས་པ་ཤུགས་ལ་བསྟན་པ་མ་ཡིན་ནམ།  ཤེས་ཡོན་སྣ་མང་འཛོམས་པའི་མཁས་པ་དང་སྣ་གཅིག་ཙམ་ལས་མེད་པའི་མཁས་པ་དག་གི་མཛད་འཕྲིན་ལ་རྒྱ་ཆེ་ཆུང་ཤོར་བ་ནི་མིག་མདུན་གྱི་གཟུགས་བརྙན་བཞིན་གསལ་བས་སོ།།

      གྲྭ་པ་ཞིག་གི་སྦྱང་བྱའི་ངོས་ནས་བལྟས་ན་གཞུང་ཆེན་ཁག་ནི་གཙོ་བོ་དང་།   ཐུན་མོང་རིག་གནས་དག་ཕལ་བའི་ཚུལ་དུ་སྟེ་སྦྱང་བྱ་ལ་གཙོ་ཕལ་ངེས་ཅན་དུ་འབྱེད་ཤེས་བའི་སྟེང་ནས་ཕལ་བ་དག་གཙོ་བོ་གོ་བའི་ཡན་ལག་ཏུ་སྦྱོང་ཐུབ་དགོས་རྒྱུ་ནི་མི་ཚེའི་སྙིང་པོར་འཁུམས།  ཁྱིམ་པ་སློབ་གཉེར་བ་ཞིག་ལ་མཚོན་ན་དགོས་མེད་ཀྱི་འཆལ་རྩོམ་སྟེ་སྒྲུང་གཏམ་དང་སྙན་ངག་འབྲི་བར་འབད་པ་ལས་དཔལ་འབྱོར་གྱིས་དབུལ་བའི་ང་ཚོའི་བོད་རིགས་ཀྱི་ཆེད་དུ་དཔལ་འབྱོར་རིག་པར་སྦྱངས་ཏེ་དཔལ་འབྱོར་གཉེར་ཐབས་ཀྱི་ཡིག་ཆ་གལ་ཆེན་དག་བོད་ཡིག་ཐོག་ཕབ་བསྒྱུར་གྱིས་རང་ཉིད་ནས་འགོ་བཟུང་ཐོག་ཚོང་ལམ་གསར་བ་མང་པོ་གསར་གཏོད་བྱེད་ཨེ་ནུས་བལྟ་བ་ལས་ནམ་རྒྱུན་རང་རིགས་ལ་གནོད་པའི་བླ་བཙག་རྐང་འདྲེན་གྱི་རྩོམ་འཆལ་རེ་སྤེལ་བཞིན་ཉི་མ་གཏོང་ན་སློབ་ཆེན་གྱི་སྒོ་ཐེམ་རིམ་པར་འགྲིམ་པ་ཡང་རང་རིགས་ལ་གྱོང་ལས་ཁེ་སང་ཞིག་གཏན་ནས་མ་དམིགས་སོ་སྙམ་མོ།།

       མ་གཞི་རྒྱ་གར་སྨ་ར་ཅན་ཚོས་སློབ་གཉེར་བྱེད་སྟངས་དང་བོད་མི་ཚོས་སློབ་གཉེར་བྱེད་སྟངས་ལ་ཁྱད་པར་ཆེན་པོ་ཡོད།  རྒྱ་གར་བ་ཁོ་ཚོས་ནི་རང་ཉིད་ར྄ིག་གཞུང་གང་ཞིག་ལ་ལས་འབྲེལ་ཆེ་མིན་བརྟགས་ཏེ་ལས་འབྲེལ་ཆེ་སའི་རིག་གཞུང་དེ་ལ་ཆེད་གཉེར་གྱིས་སྦྱོང་བས་མི་ཚེ་སྐྱེལ་བ་མ་གཏོགས་ཡ་གའི་འགོ་ནས་ཅུང་ཙམ་དང་མ་གའི་རྔ་མ་ནས་ཉུང་ཙམ་རེ་བསླབས་ཏེ་ཆ་མི་ཚང་བའི་སློབ་སྦྱོང་མི་བྱེད་པ་ནི་ཁོ་ཚོའི་བརྩམས་ཆོས་དག་གི་ངོས་དང་ཟུར་རེ་ལ་མཇལ་ན་དཔོག་ནུས། དཔེར་ན་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷ། སངས་རྒྱས་བསྐྱངས་དང་ཞི་བ་ལྷ།  ཟླ་བ་གྲགས་པ་སོགས་ནི་ཐུན་མོང་རིག་གནས་ལ་སྦྱོང་བ་སྔོན་སོང་གི་སྟེང་ནས་དབུ་མའི་གཞུང་ལ་གཙོ་སྦྱོང་གནང་མཁན་ཡིན་པར་བརྟེན་ཁོང་རྣམ་པའི་གསུང་རྩོམ་ཕལ་ཆེ་བ་དབུ་མའི་སྐོར་ཡིན་ལ།  བརྩམས་ཆོས་དེ་དག་ལ་གཞན་དང་མི་གཅིག་པའི་ཁྱད་ཆོས་འབུར་དུ་ཐོན་ཕྱིར་ད་ལྟའི་བར་དུ་ཟབ་མོ་དབུ་མའི་གཞུང་ལ་ཐོས་པས་འཇུག་དགོས་ན་ཁོང་ཚོའི་གསུང་རྩོམ་ཁག་ལ་མི་ལྟ་ཐབས་མེད་ལྟ་བུ་ཆགས་བསྡད་ཡོད་པ་མ་ཡིན་ནམ། དེ་བཞིན་དུ་འཕགས་པ་གྲོལ་སྡེ་དང་སློབ་དཔོན་སེང་གེ་བཟང་པོ།   བློ་གྲོས་བརྟན་པ་དང་ཤན་ཏི་བ་དག་ནི་ཕར་ཕྱིན་ཆེད་སྦྱོང་བ་ཡིན་པ་དང་།   ཚད་མ་ཆེད་སྦྱོང་བ་ཕྱོགས་གླང་ཆོས་གྲགས་དང་།    ལྷ་ཤཀ     སྒྲ་རིག་ཆེད་སྦྱོང་བ་ཙན་དྲ་གོ་མི།  སྙན་ངག་ཆེད་སྦྱོང་བ་སློབ་དཔོན་དཔའ་བོ་དང་དབྱུག་པ་ཅན་ཏེ་ཁོ་ཚོའི་བརྩམས་ཆོས་གང་དང་གང་ལ་བྲོ་བ་ཁྱད་པར་བ་ཞིག་ཡོད་དགོས་པའི་རྒྱུ་མཚན་ཡང་ཁོང་ཚོས་མི་ཚེ་གང་བོར་གཞུང་དེ་དང་དེ་ལ་གཙོ་སྦྱོང་གནང་སྟེ་ཤ་འདྲེས་པགས་འདྲེས་ཀྱི་ཉམས་མྱོང་གསོན་པོ་རི་མོར་ཕབ་པ་ལས་གཞན་མ་ཡིན་ནོ།།

      ང་ཚོ་བོད་ལ་དེ་ལྟ་བུའི་མཁས་དབང་རེ་གཉིས་ཙམ་བྱུང་བ་ནི་ས་པཎ་དང་རྗེ་བླ་མ་ཤར་ཙོང་ཁ་བ། འཇུ་མི་ཕམ་དང་ཀློང་ཆེན་རམས་འབྱམས་པ། ཡིག་ཆ་གསུམ་གྱི་མངའ་བདག་སོགས་སྔར་བྱོན་མྱོངས་ན་འང་ད་ལྟའི་ཆ་ལ་དེ་ལྟ་བུའི་གཞུང་ཆེན་ཆེད་མཁས་པ་འདི་དང་འདི་ཡོད་ཅེས་སྲིད་མཐའ་ཙམ་དུ་གྱུར་བའི་རྐྱེན་གྱིས་བླ་མ་དོན་གྱིས་བདག་པོས་ནམ་རྒྱུན་ང་ཚོ་ལ་རིགས་གཅིག་རྐང་འཛིན་གལ་བའི་བཀའ་སློབ་མང་དུ་བསྩལ་བ་ནི་རུམ་ལ་བསྡུ་རྒྱུའི་གྲོ་དང་སེམས་ལ་འཛིན་བྱའི་གཏམ་དུ་སེམས།  མཉམ་མེད་ཇོ་བོ་རྗེའི་ཞལ་ནས།  ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།།ཚེ་ཡི་ཚེ་ཚད་ཅི་ཙམ་མི་ཤེས་པས།།ངང་བས་ཆུ་ལས་འོ་མ་ལེན་པ་ལྟར།།རང་གི་འདོད་པ་དང་དུ་ལེན་པར་བྱ།།ཞེས་གསུངས་པ་ལྟར།  ཡུན་ཐུང་བའི་ང་ཚོའི་མི་ཚེ་འདི་ཡི་ནང་དུ་མཐའ་བྲལ་གྱི་ཤེས་བྱ་མ་ལུས་ཤེས་པར་འདོད་ནས་སློབ་སྦྱོང་བརྩོན་འདོད་ནི་ཧམ་སེམས་ཆེ་དྲགས་ཕྱིར་གྲུབ་འབྲས་ཡོང་རྒྱུ་མེད་པ་ཡང་སེམས་ཐག་ཡིན།  དེས་ན་ང་ཚོ་ཆོས་པའི་སྡེ་ཁག་གི་སློབ་གཉེར་བ་ཞིག་ལ་མཚོན་ན་ཐུན་མོང་རིག་གནས་ཀྱི་རྨང་གཞི་སྙན་སུམ་དག་ཡིག་སོགས་ལ་སྦྱངས་ཐོག་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་བཅས་ལ་རགས་ཙམ་ཞིག་སྦྱངས་ཏེ་རང་ཉིད་གཞུང་ཆེན་གང་ལ་ལས་འབྲེལ་དང་གོ་རྟོགས། དད་མོས་ཅུང་ཆེ་ས་དེ་ལ་དམིགས་ཀྱིས་ཆེད་སྦྱོང་ངམ་གཙོ་གཉེར་བྱས་ན་དེའི་གྲུབ་འབྲས་ཁྱད་པར་བ་ཞིག་འབྱུང་ངེས་ཤིང་རང་གཞན་ལ་ཕན་པའི་མི་ཚེའི་མཛད་འཕྲིན་ཡང་འདི་འདྲའི་ཐོག་ནས་མངོན་འགྱུར་ཐུབ་པ་གདོན་མི་ཟ་བས་དེའི་ལུགས་བཞིན་འབད་བརྩོན་གནང་རྒྱུའི་བློ་སྤོབས་ཤིག་ང་ཚོ་ཀུན་ལ་ཆེས་གལ་ཆེ་སྙམ།  མདོར་ན་ང་ཚོའི་ཕྱིའི་ཁོར་ཡུག་དང་ནང་གི་ཡུལ་སྲོལ་གོམས་གཤིས།  སྐད་དང་ཡི་གེ་སོགས་ཉིན་རེ་ནས་ཉིན་རེར་ཉམས་རྒུད་དུ་སོང་དང་འགྲོ་བཞིན་པ་འདི་ལས་སྐྱོབ་ཆེད་དུ་སེར་སྐྱ་ཀུན་གྱིས་དམ་པ་ཁོ་ཚོ་ལྟ་བུའི་རིགས་གཅིག་རྐང་འཛིན་ནམ་སྣ་གཅིག་ཆེད་སྦྱོང་གི་སྟེང་ནས་སོ་སོའི་ཕྲག་ཏུ་བབས་པའི་ལས་འགན་ལ་འཐུས་ཤོར་མེད་པར་རང་རང་གི་མདུན་ལམ་དང་འཚམ་པའི་ལས་དོན་ལ་ཧུར་བརྩོན་རེ་བྱས་ན་རེ་བ་མངོན་འགྱུར་ཐུབ་པའི་གོ་སྐབས་འཆར་ངེས་སོ།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/13 བལྟ་ཀློག (2452)