ཉམ་ཆུང་སློབ་མའི་འཕྲོད་བསྟེན།

ཉམ་ཆུང་སློབ་མའི་འཕྲོད་བསྟེན།

རྩོམ་པ་པོ། དགེ་བློ་སྦྱིན།

        དང་པོ།     སྤོ་ལོ་འཕེན་པའི་རྩེད་མོའི་དམིགས་ཡུལ་ཅི་ཞིག་ཡིན་ཞེས་དྲིས་ན། རྩེད་མོ་དེ་ལ་ལོངས་སྤྱོད་པའི་རང་གི་མྱོང་ཚོར་དེ་མདོར་བསྡུས་ཤིག་བཤད་འདོད་བྱུང་། རང་ཉིད་ཀྱིས་ནམ་རྒྱུན་གང་ལ་གང་འཚམ་སློབ་སྦྱོང་བྱེད་བཞིན་ཡོད་པས་གུང་གསེང་སྐབས་མ་གཏོགས་སྤོ་ལོ་འཕེན་པའི་རྩེད་དགའ་ལ་རོལ་བའི་ཁོམ་ལོང་མེད་པར་ཀུན་གྱི་ཤེས་གསལ་ལྟར་ཡིན་པས་སྨྲོས་མི་དགོས། དམིགས་ཡུལ་ནི། རང་གང་དུ་གནས་སའི་ཁོར་ཡུག་དང་། རང་དང་ལྟ་ཚུལ་མི་མཐུན་པ་དག་ལ་གནོད་སེམས་མཚན་མོའི་རྨི་ལམ་དུའང་སྐྱེས་ག་ལ་མྱོང་། དེས་ན། གཙོ་བོ་རང་ལུས་འཕྲོད་བསྟེན་ཆེད་ཡིན་ཞིང་། འཕྲོད་བསྟེན་ནི་རང་ཉིད་འབའ་ཞིག་ལ་རག་ལུས་པས། དེ་ལ་ཚོད་འཛིན་བྱས་པ་ནི་འཇིགས་སྣང་སྐྱེ་དགོས་པ་ཞིག་ཏུ་སྣང་། ངེད་ཅག་རབ་བྱུང་བ་ཡིན་པའི་ངོས་ནས་ཚོགས་བསགས་སྒྲིབ་སྦྱོང་བྱེད་བཞིན་མི་ཚེ་སྐྱེལ་དགོས་ཀྱང་། འཇིག་རྟེན་གཏམ་དཔེ་ལ། ཆུ་མ་བདེ་ན། ཉ་མི་བདེ། ཞེས་པ་ལྟར་ལུས་ཁམས་འཕྲོད་བསྟེན་མེད་ན། རྟེན་དེར་མི་ཚེའི་མདུན་ལམ་འཚོ་འདོད་ནའང་འཚོ་ག་ལ་ནུས། སྤྱིར་བཏང་། འཕྲོད་བསྟེན་ལ། ཟས་ཀྱི་འཕྲོད་བསྟེན། གཙང་སྤྲ་འཕྲོད་བསྟེན་སོགས་མང་པོ་ཞིག་ཡོད་མོད་ཀྱང་། སྐབས་འདིར་བཤད་བྱ་ནི། སྤྱོད་ལམ་གྱི་ཁུངས་གཏོགས་སྤོ་ལོ་འཕེན་པའི་རྩེད་མོའི་དགེ་མཚན་གླེང་རྒྱུ་དེ་ཡིན། དེ་ཡང་། སྤྱིར་དགོན་པ་མང་པོ་ཞིག་གིས་དེ་ལྟ་བུའི་རྩེད་མོ་རྩེ་སའི་ར་བ་གསར་དུ་སྐྲུན་བཞིན་ཡོད་པ་དེ་ནི། དེང་རབས་ལ་བསྟུན་མཁས་པའི་རྟགས་མཚན་ཞིག་ཏུ་སྣང་། མ་ཟད། རྗེས་སུ་ཡི་རངས་ཀྱི་ཡུལ་ཞིག་ངེས་ཏེ། དེས་ཉམ་ཆུང་སློབ་མ་བརྩེ་བས་སྐྱོང་བར་མཚོན།

ད་རུང་དེ་ལྟར་མ་གྲུབ་པའི་དགོན་སྡེ་དག་གིས་ཀྱང་མི་འགྱངས་པར་དེ་བཞིན་ཁོར་ཡུག་བསྐྲུན་རྒྱུ་ནི་ངེད་ཅག་གིས་བསྒུགས་ནས་ཡོད། འོན་ཀྱང་། དུས་རྟག་ཏུ་སྤོ་ལོ་རྩེ་དྲག་ན་གནོད་རྐྱེན་འབྱུང་མི་སྲིད་པ་མིན་པས་ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་དེར་ལོངས་སྤྱོད་པ་ཞིག་དགོས་ཞེས་རྒྱུན་དུ་སྨྲ་བཞིན་ཡོད། དེ་ལྟར་ཡིན་ན། ལུས་རྩལ་མྱུར་བ། ལུས་ཁམས་དྭངས་བ། རིག་པ་འཕེལ་བ། སེམས་སྤྲོ་བ། གཉིད་ཁུག་པ། ཕོ་ཁ་ལ་ཕན་པ། རྐང་པ་ལ་ཕན་པ། མིག་ལ་ཕན་པ། ཆོས་གྲོགས་དག་ལ་སྤྲོ་སྣང་བསྐྱེད་པ། གྲོགས་པོ་ཕན་ཚུན་དབར་མཐུན་སྒྲིལ་ཟབ་པ། གུང་གསེང་སྐབས་གུང་གསེང་གི་གོ་ཆོད་པ། དཔལ་འབྱོར་དང་མི་མང་ལ་གནོད་པ་མེདཔ། འདུལ་བའི་བཅས་ཁྲིམས་དང་མི་འགལ་བ། ལུས་ཤ་མི་བརྒྱགས་པ། གཞན་ལ་ཆགས་སེམས་མི་བསྐྱེད་པ། འཆི་ཁར་རྒྱུ་ནོར་ཙམ་ལ་སེམས་འཆང་བའི་རྒྱུར་མི་བྱེད་པ། ཁོར་ཡུག་དེའང་གུ་ཡངས་ཀྱི་རྣམ་པར་དང་ལྡན་པ། ལྷག་པར་དུ། མྱུ་གུ་ལྟ་བུའི་སློབ་མ་དག་ལ་དགོན་སྡེའི་ཁོར་ཡུག་ཏུ་སྤྲོ་སྣང་བསྐྱེད་པ། འབྱུང་འགྱུར་གྱི་ན་གཞོན་རྣམས་དགོན་སྡེའི་ཁོར་ཡུག་ལ་སྤྱན་འདྲེན་པའི་བསྙེན་བཀུར་མཆོག་ཏུ་གྱུར་པ། དེ་ལྟ་བུའི་དགོན་སྡེ་དེར་དགེ་འདུན་གྱི་སྡེ་འཕེལ་བ་བཅས་དགེ་མཚན་མང་པོ་ཞིག་ཡོད་པར་གདོན་མི་ཟ། དེར་མ་ཟད།

དེང་སྐབས་འདིར་སློབ་མ་མི་ཉུང་བ་ཞིག་ཆུང་དུས་སུ་གྲོང་ཆོག་ཅུང་ཟད་འགྲོ་བའི་རྐྱེན་གྱིས་རྒས་དུས་རྒྱུ་ནོར་སོགས་འདོད་ཡོན་ལ་སེམས་ཤོར་ཏེ། མི་ཚེ་དེ་ལྟོ་གོས་ཙམ་གྱི་བྲན་གཡོག་ཏུ་འགྱུར་བར་མངོན་གསལ་དོད་པོ་ཡིན་པས། དེ་དག་འགོག་ཆེད་དུ་སློབ་བུ་ཀུན་གྱིས་སློབ་གྲྭའི་སྐབས་རྒྱུན་དུ་སློབ་སྦྱོང་ལ་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ། གུང་གསེང་སྐབས་ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་སྤོ་ལོ་འཕེན་པ་ལྟ་བུའི་རྩེད་དགའ་ལ་རོལ་ན་འོས་འཚམས་ཤིག་ཏུ་སྣང་། དེ་ལའང་གཙོ་བོའི་ཆ་རྐྱེན་གཉིས་ཚང་དགོས་ཏེ། དང་པོ་ནི། གུང་གསེང་སྐབས་མ་གཏོགས་གང་འདོད་མི་ཆོག་པའི་ཁྲིམས་ལུགས་གཏན་ལ་ཕབ་དགོས།

       གཉིས་པ་ནི། མདོ་ལས། ཆད་པ་ལ་ནི་ཐམས་ཅད་སྐྲག །འཆི་བ་ལ་ནི་ཐམས་ཅད་འཇིགས། །རང་གི་ལུས་ལ་དཔེ་ལོང་ལ། །བརྡེག་པར་མ་བྱེད་གསོད་མ་བྱེད། །ཅེས་པ་ལྟར་ཉམ་ཆུང་སློབ་མ་དག་ལ་འཇིགས་སྐྲག་བསལ་ཕྱིར། བདེ་སྐྱིད་དང་ལྡན་པའི་རྩེད་མོ་རྩེ་སའི་ཁོར་ཡུག་ཅིག་ཡོད་དགོས།

ཅུང་ཟད་སྤྲོས་ན། དེང་སང་སློབ་མ་མི་ཉུང་བ་ཞིག་ཁ་པར་ནང་གི་སྐད་འཕྲིན་སོགས་ལ་སེམས་ཤོར་ཏེ་དུས་ཚོད་སྟོང་ཟད་དུ་ཕྱིན་པར་སྨྲོས་ཅི་དགོས། དེའི་རྐྱེན་གྱིས། ལུས་ཁམས་མི་བདེ་བ། ཁམས་མི་དྭངས་བ། རིག་པ་དུད་པ། ལུས་ཤ་བརྒྱགས་པ། རྐང་པ་ལ་སྐྱོན་ཤོར་བ། ཀླད་པ་ལ་སྐྱོན་ཤོར་བ། ནང་མི་ཕན་ཚུན་དབར་དུང་བ་ཞན་པ། གཞུང་ཆེན་ལ་སློབ་སྦྱོང་ཞན་པ། ལྷག་པར་དུ། མིག་མི་གསལ་བ། འཁྲིག་ཚིག་སྨྲ་བའི་ཉེས་པ་འབྱུང་སླ་བ་བཅས་གནོད་སྐྱོན་མང་དུ་འབྱུང་བཞིན་ཡོད། དེ་ལས་ཀྱང་ཉེན་ཁ་ཚབས་ཆེན་ཞིག་ནི། སྐད་འཕྲིན་ནང་དུ་འཁྲིག་པ་སྤྱོད་པའི་གཟུགས་བརྙན་སོགས་ལ་ལྟ་བས་འདོད་ཆགས་འཕེལ་བར་དངོས་པོའི་ཆོས་ཉིད་ཡིན་པ་དེའི་ཕྱིར། ཆུང་དུས་ནས་འདོད་ཆགས་ཆེ་བ། ངོ་ཚ་མེད་པ། ཞེ་སྡང་ཆེ་བ། ཆོས་དགེ་བ་ལ་སྤྲོ་སྣང་ཞན་པ། བསླབ་སྡོམ་ཉམས་པ་བཅས་གནོད་སྐྱོན་ཆེན་པོ་འབྱུང་བ་འདི་ཅིའི་ཕྱིར་འཇིགས་སྣང་སྐྱེ་དགོས་པ་ཞིག་ཏུ་མི་སྣང་།

ད་རུང་ཞིབ་ཏུ་བསམ་ན་ངེད་ཅག་གི་ནང་ཁུལ་ལ་མཐུན་སྒྲིལ་ཡོད་རྒྱུ་གལ་ཆེ་བ་ཀུན་གྱིས་འཆད་བཞིན་ཡོད། འོན་ཀྱང་།  དབང་ཆེན་དག་གིས་མི་ཁ་ངན་པ་ལ་ཉན་ནས་སློབ་མ་རྣམས་ཀྱི་སེམས་ལ་རྨ་ཁ་བཟོས་ན་གནོད་པ་ལས་མཐུན་སྒྲིལ་ཡོང་མི་སྲིད། ང་ཚོའི་ཁོར་ཡུག་ཏུའང་མི་དང་མིའི་བར་ལ་ཁ་མིན་དོན་གྱི་མཐུན་སྒྲིལ་ཞིག་ཡོད་དགོས་ན། སློབ་སྦྱོང་དང་འཕྲོད་བསྟེན་གཉིས་ལ་ངེས་པར་དུ་ཁོར་ཡུག་གི་ཆ་རྐྱེན་བློ་ཡིད་ཚིམ་པ་ཞིག་ཡོད་དགོས་སྙམ། གལ་སྲིད་སློབ་མ་རྣམས་ལ་དུས་རྒྱུན་དུ་སྤོ་ལོ་འཕེན་པའི་རྩེད་མོ་རྩེ་མི་ཆོག་ཅེས་སྐྱོན་བརྗོད་སྐད་འཛེར་འཛེར་དང་ལྗགས་དིག་དིག་ཏུ་བརྗོད་མཛད་ན། ཁ་མིན་དོན་གྱི་མཐུན་སྒྲིལ་རྣལ་མ་ཞིག་འབྱུང་མི་ཐུབ་པའི་ཉེན་ཁ་ལ་ཤོག་ཅེས་འབོད་བཞིན་ཡོད་པ་དང་མཚུངས། གང་ཞེ་ན། རྩ་བའི་བླ་མས། དགོན་སྡེ་རྣམས་སློབ་གྲྭ་རུ་སྒྱུར་ཐབས་བྱེད་དགོས། ཞེས་པ་དེ་དང་མི་མཐུན་པའི་ཕྱོགས་ལ་ཨུ་ཚུགས་བྱས་པས་རེད། དེ་ལྟར་ཡིན་པར་ཞིབ་ཏུ་བསམ་ན་གོ་སླ་བས་མ་སྨྲོས་སོ། །

ལ་ལས། སྤོ་ལོ་རྩེད་མོ་བ་རྣམས་ཀྱིས་རྒྱག་རེས་བྱས་སོང་ཟེར་བ་སོགས་འདྲ་མིན་སྣ་ཚོགས་བཤད་ཀྱང་། བདེན་དཔང་མེད་པའི་སྐད་ཆ་དེ་དག་ལ་སུ་ཞིག་ཡིད་ཆེས།

ལ་ལས། སྤོ་ལོ་འཕེན་པའི་རྩེད་མོ་འདིས་སྲོག་ཆགས་ལ་གནོད་པས་མི་རུང་ཟེར་ན། དུས་མཆོད་སྐབས་གར་འཆམས་རྒྱག་པ་མི་རུང་བའི་ཐལ་བ་འོང་ངེས།

ལ་ལས། རྩེད་མོ་འདི་དང་། གླུ་ལེན་གར་རྩེད་རྣམས་ཆོས་འདུལ་བ་དང་འགལ་བས་མི་རུང་ཟེར་ན། རྩེད་མོ་འདི་འཕྲོད་བསྟེན་གྱི་ཆེད་དང་ཆགས་པའི་རྒྱུ་མ་ཡིན་ཞིང་། གླུ་ལེན་གར་རྩེད་རྣམས་གཞན་གྱི་ཡིད་དབང་འཕྲོག་པའི་ཆེད་དང་། ཆགས་པའི་རྒྱུར་བྱེད་པས་བཅོམ་ལྡན་འདས་ཀྱིས་སྔར་ནས་བཀག་གོ །

ལ་ལས། འདིས་གཞུང་ཆེན་སློབ་སྦྱོང་ལ་གནོད་པས་མི་རུང་ཟེར་ན། རྒྱུན་དུ་རྩེད་མོ་འདི་རྩེ་བ་ཡིན་ན་སློབ་སྦྱོང་ལ་གནོད་རྒྱུ་བདེན་ཡང་། དུས་རྟག་ཏུ་གཞུང་ཆེན་རྣམས་ལ་སློབ་སྦྱོང་གཙོ་བོར་བྱེད་བཞིན་ཡོད་པས། གུང་གསེང་སྐབས་སྐད་འཕྲིན་རྩེ་བ་དང་གྲོང་ཆོག་དོན་དུ་གཉེར་བ་ལས། རྩེད་མོ་འདི་རྩེ་ན་བཟང་ཞེས་སྔར་ནས་བཤད་ཟིན་ཏོ། །

ལ་ལས། གུང་གསེང་སྐབས་སྤོ་ལོ་འཕེན་དུ་འགྲོ་བ་ལས་ལྷོད་ལྷོད་བཞུགས་ཏེ་ཁ་ཏོན་དགེ་སྦྱོང་བྱས་ན་མི་ལེགས་སམ་ཟེར་ན། ཁ་ཏོན་དགེ་སྦྱོང་བྱས་ན་ལེགས་པར་བདེན་མོད་ཀྱང་། དེང་སང་དེ་ལྟ་བུའི་སློབ་མ་གསེར་ལས་དཀོན་པ་རེད། སྙིགས་དུས་འདིར་སློབ་མ་མང་ཆེ་བ་ལ་ཁ་ཕྱོགས་འཁྲུལ་མེད་ཅིག་མེད་དུ་མི་རུང་བ་དེས་ན། རྒྱུན་དུ་གཞུང་ཆེན་རྣམས་ལ་སློབ་སྦྱོང་གཙོ་བོ་བྱེད་བཞིན་གུང་གསེང་སྐབས་འཕྲོད་བསྟེན་ལ་ཕན་པའི་རྩེ་དགའ་ལ་རོལ་ན་བཟང་ཞེས་བཤད་པ་ཡིན་ནོ། །

ལ་ལས། འདི་སྔར་ནས་མེད་པའི་དགོན་སྡེ་དག་ལ་གསར་དུ་འཛགས་སྐྲུན་བྱེད་མི་རུང་ཟེར་ན། དགེ་ཆོས་ཀྱིས། རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། །གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། །ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་བསྒོམས། །ཆོས་ཀྱི་རྒྱལ་པོ་ཏྲི་བྷོ་ཊ་ཡི་སྲོལ། ། འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ། །ཞེས་པ་ལྟར་རོ། །

       སྐད་ཆ་བསྡུས་ནས་བཤད་ན། ཁྲམ་པ་དག་གིས་ཤེས་བྱར་མཐོང་ཆུང་བྱེད། །བླུན་པོ་དག་གིས་ཤེས་བྱར་ཡིད་སྨོན་བྱེད། །མཁས་པ་དག་གིས་ཤེས་བྱར་བེད་སྤྱོད་བྱེད། །ཅེས་པ་ལྟར་ཤེས་པར་བྱ་བའི་དུས་ཚོད་བེད་སྤྱོད་བྱེད་སྟངས། འདི་ལྟ་སྟེ། ངེད་ཅག་རབ་བྱུང་བ་ཡིན་པའི་ཆ་ནས་མི་ཚེ་འདི་དཔལ་འབྱོར་དང་སྐད་འཕྲིན་སོགས་ཀྱི་བྲན་གཡོག་ཏུ་མ་གྱུར་པར། ནམ་རྒྱུན་གཞུང་ཆེན་རྣམས་ལ་སློབ་སྦྱོང་གཙོ་བོ་བྱེད་བཞིན་གུང་གསེང་སྐབས་འཕྲོད་བསྟེན་ལ་ཕན་པའི་རྩེ་དགའ་ལ་རོལ་ན་བཟང་། ཞེས་ངེད་ཀྱིས་ཕྱོགས་རིས་ཆགས་སྡང་སོགས་ཅུང་ཟད་ཀྱང་མ་འདྲེས་པར་ལྷག་བསམ་དཀར་པོའི་སེམས་ཀྱིས་ཡང་ཡང་སྨྲ་བ་འདི་དོན་གྱི་སྙིང་པོ་ཡིན་སྙམ་ཡང་ནོར་འཁྲུལ་དུ་སེམས་ན་དགོངས་འགལ་མེད་པ་ཞུ།། །།

ཕྱི་ལོ་༢༠༡༨ བོད་ཟླ་༤ ཚེས་༡༣ ཉིན་བྲིས། དགེའོ།། །།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/28 བལྟ་ཀློག (2429)