སྟོན་པ་བདེ་བར་གཤེགས་པ།

སྟོན་པ་བདེ་བར་གཤེགས་པ།

ཕྲན་བོད་ཞེན།  


སྣང་བའི་ཆོས་ཚུལ་སྣང་བའི་ཁམས།།
སྟོང་པ་དོན་གྱི་གཤིས་ལུགས་དག།
ཇི་བཞིན་མཐོང་ཞིང་དོན་སྟོན་པའི།།
སྨྲ་བའི་སེང་གེ་གཙུག་གི་རྒྱན།།

ཆོས་ཅན་རྟེན་འབྱུང་སྣང་བ་ལ།།
བརྟགས་ཞིབ་རིགས་པ་ཟབ་བརླིང་གིས།།
སྣང་བའི་སྒྱུ་འཕྲུལ་རང་ཡན་པའི།།
ངོ་བོ་མཐོང་བ་སྟོབས་བཅུ་ལྷ།།

དཔལ་དང་གྲགས་དང་མཐུ་མངའ་བའི།།
ཆེ་བ་ཚངས་བྱིན་དག་གིས་ཀྱང་།།
མཐོང་དང་ཐོས་པར་མ་གྱུར་པའི།།
དེ་ཉིད་རྟོགས་པ་ཤཱཀྱའི་རྒྱལ།།

སྤྲུལ་བའི་གྲངས་དང་མངོན་ཤེས་སོགས།།
ཐུན་མོང་དངོས་གྲུབ་འབྱུང་སླ་ཡང་།།
ཆོས་ཉིད་དོན་གྱི་ནམ་མཁའ་དེར།།
མཁྱེན་རྩལ་རྫོགས་པ་བདེ་བར་གཤེགས།།

ཇི་བཞིན་དངོས་ཀྱི་གཤིས་ཚུལ་ལ།།
གཏིང་ཟབ་མཁྱེན་རབ་མ་གཏོགས་པར།།
རྟོག་དཔྱོད་ཕལ་བའི་ཡུལ་མིན་པས།།
རྟོགས་པ་མཐར་སོན་ཐམས་ཅད་མཁྱེན།།

རིགས་པས་རྣམ་པར་མ་འཐག་ཅིང་།།
གཙོ་དང་བྱེད་པོའི་བཀས་བཅད་པའི།།
སྟོན་པ་གཞན་གྱི་ལུགས་སྲོལ་ལས།།
ཁྱད་འཕགས་ཤེས་རབ་ཅན་ལ་འདུད།།

སེམས་ཅན་དམིགས་བུ་མེད་པ་དང་།།
ཐར་བའི་འཁར་ཆག་བདག་ལྟས་རྨོངས།།
དུག་གསུམ་མཚོན་གྱིས་ཡིད་རྨས་པའི།།
འགྲོ་བའི་སྐྱོབ་པ་ཞི་བའི་གཉེན།།

བསྐལ་བའི་མཐའ་ཡང་ཐག་གྱུར་ཅིང་།།
བདེན་པ་སེང་གེའི་སྒྲ་ཆེན་པོ།།
ཆོས་ཀྱི་གཤིས་སུ་སྒྲོག་པ་ཡི།།
སྟོབས་བཅུ་མངའ་བ་ཐུབ་པ་མཆོག།

བདག་ཉིད་རྫོགས་པའི་སར་གཤེགས་ཀྱང་།།
ཞི་བའི་ཚངས་དབྱངས་མ་འགག་པར།།
བརྒྱད་ཁྲི་ཆོས་ཕུང་བདུད་རྩིའི་ཐིགས།།
ལེགས་ཚོགས་འགྲོ་བའི་དཔལ་དུ་བགོས།།

བདག་ནི་མ་དཔྱད་སངས་རྒྱས་ལྷར།།
སྟོན་པ་གཞན་དག་བདུད་ལྟ་མིན།།
འོན་ཏེ་གང་ལ་སྟོབས་ཚང་བའི།།
ཡོན་ཏན་ཀུན་རྫོགས་བདག་གི་མགོན།།

འཁྲུངས་དང་བྱང་ཆུབ་མྱ་ངན་འདས།།
དུས་ཆེན་སུམ་འཛོམས་བསྔགས་པའི་ཉིན།།
རྒྱལ་བ་སྒྱུ་འཕྲུལ་སྲས་པོ་མཆོག།།
དད་པའི་ས་བོན་འདི་བསྐྲུནད་ཏོ།།
ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མདོ་སྨད་ཁམས་བྱེ་རྫོང་སར་ཐུབ་བསྟན་སློབ་གླིང་ནས་བྲིས།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/5/28 བལྟ་ཀློག (2346)