དེ་རིང་གི་མྱོང་ཚོར།

དེ་རིང་གི་མྱོང་ཚོར།

མཐོ་རིས་ཁྱད་ཆོས་ལྡན་པའི་རང་ལུས་འདི། །

མཛེས་པའི་ཕ་ཡུལ་དཀར་མཛེས་ཚ་ནང་དུ། །

གློག་ཞགས་འཁྱུག་བཞིན་ཕར་ཚུར་རྐྱལ་ཤེས་ན། །

ལུས་རྩལ་གཞན་ལས་བདེ་སྐྱིད་མཚུངས་མེད་སྣང་། །

 

འོན་ཀྱང་སྔོན་ཆད་རང་གི་གོམས་པ་ལས། །

མཛེས་པའི་ཕ་ཡུལ་སྤོ་ལོའི་ཐང་ཆེན་དུ། །

སྤོ་ལོའི་ལུས་རྩལ་དགའ་སྟོན་རྩོལ་བ་འདིས། །

རང་གི་སྙིང་གི་དབུས་སུ་བདེ་བ་བསྐྱེད། །

 

དམ་ཆོས་བླང་དོར་ཚུལ་བཞིན་བྱེད་པའི་ཤུལ། །

འཇིག་རྟེན་བྱ་བའི་སྙན་པ་མ་ཐོབ་རུང་། །

རང་སའི་རང་བྱུང་འཁྱིལ་བའི་ཚ་ཆུའི་ཀློང་། །

རང་དང་སློབ་བུའི་ཚོགས་ཀྱིས་ཅི་དགར་རོལ། །

 

རྦ་རླབས་དྲག་ཏུ་འཕྱུར་བའི་ཆུ་བོ་རུ། །

ཉ་ལ་སོགས་ཀྱང་སྡོད་པ་མ་མཆིས་རུང་། །

འཇམ་ཞིང་ཡངས་པའི་ཚ་ཆུ་སྔོན་མོ་འདིར། །

ངེད་ཅག་རྐྱལ་ནས་ལྷག་ཏུ་ཡིད་རབ་སྤྲོ། །

 

གཞན་ལ་འཁོན་ལན་རྩོད་པའི་ནུས་པ་དང་། །

རང་ཉིད་གྲགས་པར་སྒྲུབ་པའི་མཐུ་མེད་ཀྱང་། །

མ་བསམ་སློབ་བུའི་ཚོགས་རྣམས་འདིར་འཛོམས་ཏེ། །

མི་བདེ་སྡུག་བསྔལ་སྟོང་གི་དྲི་མ་དག །

    ཕྱི་ལོ་༢༠༡༨ ལོ་བོད་ཟླ་༤ ༢༣་ཉིན་རང་ཡུལ་དཀར་མཛེས་གྲོང་གི་ཚ་ཆུའི་ནང་དུ་རང་དང་སློབ་བུ་འགས་ལོངས་སུ་སྤྱད་པའི་ཉམས་མྱོང་ལས་དེ་རིང་གི་མྱོང་ཚོར་ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཐང་འདི་ཉིན་ཐོའི་ཚབ་ཏུ་བློ་བཟང་སྦྱིན་པས་བྲིས། དགེའོ།། །།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/6/11 བལྟ་ཀློག (1693)