སྒེའུ་ཁུང་ནས་ཟླ་འོད་འཕྲོ་དུས།

སྒེའུ་ཁུང་ནས་ཟླ་འོད་འཕྲོ་དུས།  

འོད་ཟེར་དགུ་བ། རྫ་ཁོག

    དོད་ཚང་ཞིག་གི་དུས་གཏན་དུ་སར་ལྷུང་མི་ཉན་པར་ནམ་ཡང་བར་སྣང་དུ་བསྡོད་དགོས་ཤིང་ཧ་ཅང་ཆག་གྲུམ་ཤོར་སླ་བའི་ཤེལ་རིལ་འདིའང་ཅི་འདྲའི་ཉམ་ཆུང་རེད་ཨང་། ཁོས་ང་རང་ས་སྲིབ་ལ་ཧ་ཅང་དགའ་ཟེར། དེའང་ལུས་ཡིན་ཏེ་ས་རུབ་ལ་ཉེར་བའི་དུས་སུ་ཉི་འོད་ཀྱི་ཚབ་ཏུ་ཁྱིམ་ཚང་ཞིག་གསལ་བ་བྱེད་དགོས་པས་དུས་ཚོད་དེ་ནི་རང་ཉིད་ཀྱི་འཇིག་རྟེན་ཞིག་ཏུ་ཆགས་ཡོད། ཉི་མ་ལྟར་བུའི་འོད་མདངས་དེ་ཙམ་མི་མངའ་བས་ཕྱི་རོལ་དང་འབྲེལ་བ་ཅི་ཡང་མེད། དེ་བས་ནམ་རྒྱུན་ཤེལ་ཡོལ་ལ་ངལ་བ་མ་བྱས་པའི་དུས་སུ་དྲ་མའི་ཤེལ་ལེབ་དག་ཀྱང་མེ་ལུང་དུ་འགྱུར་འགྲོ། དེ་ནི་སུ་ཞིག་གིས་རང་སེམས་ལ་ཞུབ་ལྟ་བྱེད་པ་དང་གཉིས་སུ་མེད་པ་འདྲ།  དེ་ནི་ཤེལ་ཏོག་གཅིག་གི་འཚོ་བ་རོལ་སྟངས་ཡིན་ཡང་ཁོ་ལ་དུས་ཡུན་ཐུང་ངུ་ལས་མེད།

     ངས་ང་རང་“སྨག་མེད་པའི་མཚན་མོ་”ལ་དགའ་ཞེས་བཤད་པ་ཡིན། སྨག་མེད་པའི་མཚན་མོ་ཟེར་བ་ནི་ཟླ་བ་འཆར་བའི་དགོང་མོར་བཏགས་པ་ཡིན།ཁོ་བོ་མི་ཡུལ་འདིར་ཐོན་ནས་མི་ལོ་ཉེ་གཅིག་གི་ནང་དུ་ཉིན་མཚན་གཉིས་ལ་མང་ཉུང་གི་ཁྱད་པར་སོང་མེད་པ་འདྲ། འོནད་ཀྱང་ངས་ད་ལྟ་བསམ་བློ་གཅིག་གཏོང་ན་གོང་གི་དེ་གཉིས་ལས་ང་ནི་མཚན་མོ་ལ་ཞེན་པ་ཆེ། དུང་བ་ཟབ། དེ་ནི་མཚན་མོར་གཉིད་ཆོག་པས་མིན་ལ་སྟོང་མདང་གྱི་རྨི་ལམ་རྨིས་ཆོག་པས་ཀྱང་དེ་ལས་ཅི། ང་མཚན་མོར་དགའ་བ་ནི་ཟླ་བ་ཁོ་ནས་ཁྱད་དུ་ཡིན་པ་འདྲ།ཉི་མ་དང་ལྷན་དུ་ཡོད་པའི་ཟླ་བ་མ་ཡིན་པ་སྐར་ཚོགས་ཀྱི་དབུས་སུ་བརྗིད་ཀྱིས་འགྱིང་བའི་ཟླ་བ་གཅིག་བུས་ཕྱིར་དུ།  ཡང་ན་དོ་དགོང་ལྟར་བུ་ཟླ་བའི་འོད་ཐིགས་འགའ་རེ་སྒེའུ་ཁུང་དུ་བབ་པས་བསླད་དུ།  ངས་ཧ་ཅང་དམའ་སའི་སྒེའུ་ཁུང་ནས་མཁའ་རུ་ལྟས་ཤིང་ཆེས་མཐོ་ས་ནས་འོད་ཟེར་ཞིག་ཉལ་ཐུལ་དུ་འཕྲོས་པ་ནི་བརྩེ་བའི་རླབས་རིས་ཤིག་ཅི་ལ་མིན།

     ཧྥ་རན་སིའི་སྙན་ངག་པ་ཀོ་ཏེ་ཨེ་ཡིས་“བེད་སྤྱོད་བྱ་ཐབས་མེད་པའི་དངོས་པོ་ཁོ་ན་ད་གཟོད་མཛེས་པ་ངོ་མ་ཡིན་”གསུང་འོང་དུས་སྒེའུ་ཁུང་ནས་ཟླ་འོད་འཕྲོས་པའི་མཚན་མོ་རེ་རེ་ནི་མཛེས་པ་ངོ་མ་དེ་ཡིན་སྣང་སྐྱེས་འོང་ལ། ཡང་ཁོང་གིས་“སྤྱོད་རྒྱུན་དུ་ལོབས་པའི་དངོས་པོ་ཚང་མ་ནི་སྐྱུག་བྲོ་བ་ཤ་སྟག་སྟེ”ཞེས་སྡོམ་ཚིག་བཀོད་འོང་དུས་ཉིན་མོའི་དུས་སུ་སྐྱུག་བྲོ་བའི་དངོས་པོར་རེག་པ་མང་བས་གསལ་ལ་མི་གསལ་བའི་མཚན་མོ་རེ་རེར་དགའ་སོང་བ་ཡིན་ནམ།  ཨ་མེ་རི་ཁེའི་བསམ་བློ་བ་གྲགས་ཅན་ཨེ་མེར་སོན་གྱིས་“མཛའ་བརྩེ་ནི་རྒས་པ་མེད་པའི་བྱིས་པ་ཞིག་དང་མཛེས་སྡུག་ནི་དེའི་སྣེ་ཤན་པ་ཡིན་”གསུང་དུས་གནམ་སའི་བར་གྱི་བརྩེ་བ་ཞིག་ཟླ་འོད་ཀྱིས་སྣེ་ཤན་པ་བྱས་པས་ང་རང་སྨག་མེད་པའི་མཚན་མོ་ལ་དགའ་ཞེས་བཤད་སོང་བ་འདྲ། ཡང་“མཛེས་སྡུག་ནི་གཞོན་པའི་སེམས་ཁམས་ཀྱི་དེད་དཔོན་རེད་”ཅེས་པའི་ཚིག་འདི་དྲངས་འོང་དུས་མཚན་མོ་ལ་ཞེན་པ་ནི་མཛེས་སྡུག་གིས་བདག་ལ་བསླུ་དྲུད་གཏོང་སོང་བ་འདྲ་འདུག་ཨང་།

༡\༡༠\༢༠༡༧\མཚན་མོ་ཉལ་ཁྲི་ནང་ནས་བྲིས།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/7/19 བལྟ་ཀློག (2090)