ཁམས་སྡེ་དགེའི་སར་མགར་ཚང་གི་ཉེ་འདུ་གཟབ་དགྱེས་བྱུང་།


མགར་ཚང་གི་སྦྲ་ནག་ཀྭ་བརྒྱ་མ།

      སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༢༨ནས་ཉིན་གསུམ་ལ་ཁམས་སྡེ་དགེའི་ས་ཆར་བཙན་པོའི་མགར་གྱི་གདུང་རྒྱུད་མགར་ཀརྨ་དང་མགར་ཁམས་པ་ལྷ་བཟོ། མགར་བསོད་ནམས་རིག་འཛིན།  མགར་ཤེས་རབ་རྡོ་རྗེ།  མགར་འཇམ་དབྱངས་ཉི་མ།  མགར་དོན་གྲུབ་ཚེ་རིང་། མགར་དཀོན་མཆོག་དོན་གྲུབ།  མགར་བྷ་བྷ། མགར་བྱང་ཆུབ་མགོན་པོ། མགར་རྒྱལ་ཕུར། མགར་ཚེ་དབང་བཀྲ་ཤིས།  མགར་རྡོ་རྗེ་ཚེ་རིང་། མགར་ཡ་མ་དབང་མོ་སོགས་ཀྱིས་སྣེ་ཁྲིད་དེ་བོད་མདོ་དབུས་ཁམས་གསུམ་གྱི་མགར་ཚང་གི་གནད་ཡོད་མི་སྣ་བརྒྱ་ཕྲག་ཁ་ཤས་མཉམ་འཛོམས་བྱུང་སྟེ་མགར་ཚང་གི་འདས་མ་ད་གསུམ་གྱི་བྱ་བཞག་ལ་བགྲོ་གླེང་དང་དགྱེས་འཛོམས་བྱུང་ཡོད།

      ཚོགས་ཐོག་ཏུ་མགར་སྤྲུལ་ཡོན་ཏན་རིན་ཆེན་དང་ཁམས་སྡེ་དགེ་དགོན་ཆེན་གྱི་མཁན་ཆེན་དང་དཔལ་ལྡན་སར་སྐྱ་བའི་བསྟན་སྲིད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་སྐལ་ལྡན་ཚེ་རིང་།  ཚབ་ཚ་དགོན་གྱི་མཁན་པོ་ཆོས་དབྱིངས་ཀུན་ཁྱབ། སྡེ་དགེའི་ཨ་ལོ་དགོན་གྱི་དགེ་ལྡན། མགར་ཨ་སངས། མགར་དོན་གྲུབ། མགར་ལྷ་མོ་དོན་གྲུབ། ད་དུང་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་གདུང་རབས་དཔོན་མོ་མགར་བཟའ་ཚེ་རིང་གཡང་འཛོམས་སོགས་ཆེད་ཕེབས་གནང་བར་མ་ཟད། ས་དགེ་བཀའ་རྙིང་དང་ཇོ་ནང་བོན་དང་བཅས་པའི་བླ་སྤྲུལ་དགེ་བཤེས་མཁན་པོ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཤེས་ཡོན་པའི་སྡེ་སོགས་མགར་ཚང་གི་ཕུ་ནུ་མིང་སྲིང་འདུ་འཛོམས་གཟབ་རྒྱས་ཤིག་བྱུང་བར་དགའ་སྤྲོ་དཔག་མེད་སྐྱེས་ཡོད།

    ཐེངས་འདིའི་འདུ་འཛོམས་ཀྱིས་མ་འོངས་གངས་རིའི་ལྗོངས་ཀྱི་ཆོས་སྲིད་རིག་གནས་གང་ཅིའི་ཐད་ཅི་ནུས་ཀྱིས་ཞབས་འདེགས་རེ་བསྒྲུབ་ཐུབ་པར་རེ་སྐུལ་དང་། མིག་སྔར་ངོས་ཟིན་པའི་མགར་ཚང་གི་ཁྱིམ་རྒྱུད་ཁྱིམ་གྲངས་ཁྲི་བཞི་ལ་ཉེ་བ་ཞིག་ཡོད་པ་རྣམས་ཀྱིས་ཆོས་རྒྱུད་གྲུབ་མཐའ་རིས་མེད་དང་ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ། བོད་པའི་ཡུལ་སྲོལ་གོམས་གཤིས།  སྐད་དང་ཡི་གེ་རྒྱུད་འཛིན་དར་སྤེལ་གནང་བ་བཅས་ལ་གྲུབ་འབྲས་བཟང་བོ་ལོན་པར་རེ་བས་བརྟས་ཤིང་བཀྲ་ཤིས་བདེ་ལེགས་ཀྱིས་མཇུག་བསྡུས།

ཁམས་སྡེ་དགེ་དགོན་ཆེན་གྱི་མཁན་ཆེན་སྐལ་ལྡན་ཚེ་རིང་མཆོག་གིས་གསུང་བཤད་གནང་བཞིན་པ།

རྔ་བའི་མགར་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

མགར་ཨ་སངས་དང་དཔོན་མོ་ཚེ་རིང་གཡང་འཛོམས་གཉིས་ཀྱིས་བྲོ་བ་རྣམས་ལ་ཁ་བཏགས་འབུལ་བཞིན་པ།

སྡེ་དགེའི་དངོས་མིན་རིག་གནས་ཤུལ་བཞག་རྟེན་འབྲེལ་ཆེ་བའི་མདུད་བྲོ།

སྤྲོ་ཚོགས་སྟེང་གི་མཉམ་པར།

བླ་སྤྲུལ་གྱི་སྡེ་དང་བྲོ་བའི་མཉམ་པར།

སྐབས་དང་བོའི་སྡེ་དགེའི་ཡུལ་གྱི་མགར་ཉེ་འདུས་ཀྱི་སྣེ་ཁྲིད་པའི་དཔུང་སྡེ།



རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/7/30 བལྟ་ཀློག (8127)