ཚོར་སྣང་གློ་བུར་བ།

ཚོར་སྣང་གློ་བུར་བ།

ཐེ་བོ་དཀོན་སེང་།
      དབྱར་ཁའི་གུང་གསེང་སྐབས་ཁམས་མགར་ཐར་ནས་ཕ་ཡུལ་ཐེ་བོའི་ཕྱོགས་སུ་ཡོང་སྟེ་དེ་རིང་སྤྱི་ལོ་གཉིས་སྟོང་བཅོ་བརྒྱད་སྤྱི་ཟླ་བདུན་པའི་ཚེས་ཉེར་དགུའི་བར་ཏག་ཏག་ཟླ་བ་གཅིག་སོང་འདུག    ཉིན་འདི་གའི་རིང་ཞོགས་པ་དང་དགོང་མོའི་འཆར་ཅན་གྱི་ཁ་ཏོན་རེ་བཏོན་ཏེ་བར་སྟོང་གི་དུས་ཀྱི་ཉི་མ་དག་གཉེན་ཉེ་དུ་དང་མཛའ་གྲོགས་རྣམས་ཀྱིས་མགྲོན་བསུའི་བཟའ་བཏུང་དང་གླེང་མོལ་སྣ་ཚོགས་ཀྱིས་འདས།

ཉིན་དེ་དག་ལ་ཕྱིར་དྲན་རེ་བྱས་ཚེ་ངོ་མ་ཡུན་ཐུང་བའི་རྨི་ལམ་ཞིག་གི་སྣང་ཉམས་བཞིན་སེམས་ངོགས་སུ་རབ་རིབ་ཏུ་གྱུར། གཞན་ལ་འཆད་ཁྲིད་དང་རང་གིས་དཔེ་ཀློག་སོགས་གང་ཡང་མ་བྱས་པར་ཉི་མ་བཟའ་བཏུང་དང་འཆལ་གཏམ་རྐྱང་བས་ཕུད་པ་ནི་དགེ་བཤེས་ཤིག་ལ་མཚོན་ན་ཆེས་སེམས་ཕངས་པའི་གནས་ཤིག་སྟེ།  རང་གཞན་གང་གིའང་དོན་མ་བསྒྲུབས་པར་གསེར་ལས་དཀོན་པའི་དུས་ཚོད་བཏང་བས་སོ།།

     ཡིན་ན་ཡང་མཚམས་ལ་ལར་ཁ་བརྡའི་ཁྲོད་ནས་སེམས་འགུལ་མི་ཐེབས་རང་དབང་མེད་པའི་སྐབས་འབྱུང་སྲིད། དཔེར་ན་ད་ཐེངས་གསར་དུ་ངོ་ཤེས་སུ་གྱུར་བའི་ཚོང་རུའི་སྨད་སྒང་བ་ཚེ་ཏན་དང་ཉིན་གཉིས་ཙམ་ལ་མཉམ་འདུག་མཉམ་འགྲོ་བྱས་ཏེ་ཁོའི་ལུས་ཀྱི་སྤྱོད་ལམ་དང་ངག་གི་སྨྲ་བརྗོད་ཉིན་རེའི་འཆར་ཅན་གྱི་དགེ་སྦྱོར་སོགས་ལ་རགས་ཙམ་རྒྱུས་ལོན་བྱས་པ་ན་མི་སྐྱ་མང་པོ་ཞིག་ཕར་ཞོག    གྲྭ་བ་སྤྱིར་བཏང་བ་ཞིག་གིས་ཀྱང་ཁོའི་སེམས་ཀྱི་གོ་རྟོགས་དང་དགེ་སྦྱོར་གྱི་དམིགས་རིམ་དག་ཇི་བཞིན་མི་འཇོན་པའི་ཚོར་སྣང་ཞིག་དབང་མེད་དུ་སྟེར་སོང་། དེ་དང་ཆབས་ཅིག་ཁོ་དང་ཁོ་ལྟ་བུའི་མི་བུ་མང་པོ་ཞིག་ཡུལ་ག་ས་གང་དུ་འཚར་ལོངས་བྱུང་ན་སྙམ་པའི་སྨོན་པ་ཡང་མི་ཤོར་རང་དབང་ཅི།  ཞེ་སྐྱོ་དགོས་པ་ཞིག་ལ་གཞུང་ཆེན་སློབ་གཉེར་གྱིས་མི་ཚེ་ཕྱེད་ཀ་ཟད་པའི་དགེ་བཤེས་སྐོར་ཞིག་དང་མཉམ་འདུག་སྐབས་ཁ་བརྡ་གང་བྱུང་གི་ནང་དོན་ལ་ཕྱིར་རྟོགས་བྱས་ཚེ་འདོད་རྔམ་དང་ཕྲག་དོག་འབར་ཞིང་བདག་བསྟོད་གཞན་སྨོད་ཀྱིས་རང་གཞན་ལ་ཁོང་ཁྲོ་སློང་བ་མ་གཏོགས་དུང་བ་འདྲེན་ཐུབ་པའི་གཏམ་བཟང་གི་སྐྱེས་ཀྱིས་ཕོངས་ཡོད་པ་འདི་གང་གིས་ལན་ཞེ་ན་ཐོས་བསམ་རང་རྒྱུད་འདུལ་ཐབས་སུ་འཁྱེར་མ་ཐུབ་པར་ཁ་ཕྱིར་བལྟས་ཁོ་ནར་སོང་བས་ལོས་ཡིན། ལྷ་བདུད་དུ་བབས། སྨན་དུག་ཏུ་སོང་ན་རང་མི་བདེ་བའི་རྒྱུ་ལས་གཞན་དུ་ཅི།

    དེར་བརྟེན་རྒྱལ་བུ་དོན་ཀུན་གྲུབ་པས།

ཆོས་ཀྱི་རྗེས་སུ་འབྲངས་ཟེར་བ་དེ་རྩ་ཆེའི་གསུང་རབ་རྣམས་ལ་སློབ་སྦྱོང་བྱེད་རྒྱུ་ཙམ་མ་ཡིན་པར། དེ་དག་གི་ཁྲོད་ན་སོ་སོའི་ཡིད་སེམས་ཐར་བའི་ཕྱོགས་ལ་ཁྲིད་ཅིང་སྒོམ་སྒྲུབ་ཀྱི་ཉམས་ལེན་གནང་རྒྱུ་སོགས་ཚུད་ཡོད་ཅེས་གསུངས་པ་འདི་ང་ཚོའི་མཚང་ལ་ཕོག་པའི་གདམས་ངག་ཅིས་མ་ཡིན།  ན་མཉམ་ཚོ་ཅི་ནས་ཀྱང་ཐུགས་བསམ་བཞེས་རོགས།     ད་དུང་མི་ནག་འགའ་རེས་སྐད་ཆ་ཆོ་མེད་པ་མང་པོ་བཤད་མྱོངས་ནའང་དེ་དག་ཅི་ཁག   གཞུང་ཆེན་སློབ་གཉེར་ལྟ་ཞོག    རྨང་གཞིའི་རིག་གནས་ཙམ་ཡང་རྣ་ལམ་དུ་ཐོས་པའི་གོ་སྐབས་མ་རྙེད་པའི་ཕྱིར་རོ།།

     དཔེ་ཆ་བ་ཞིག་ཡིན་ན་སྐད་ཆ་སྨྲ་སྟངས་ཚུན་ཆད་མི་སྤྱིར་བཏང་བ་དག་ལས་ཁྱད་པར་ཡོད་དགོས་པ་སྨྲོས་མ་དགོས་པ་ཞིག་རེད་སྙམ།  དགེ་བཤེས་ཤིག་ཡིན་ན་དེ་བས་ཀྱང་ངོ་།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/5 བལྟ་ཀློག (1959)