ནོར་གཞོང་ཞེས་པའི་བརྙན་ཟློས་ལ་བསྟས་རྗེས།

ནོར་གཞོང་།

   
                 མགར་གློག་མིག      (འཇོ་མདའ།)

ནོར་གཞོང་ཞེས་པའི་བརྙན་ཟློས་ལ་བསྟས་རྗེས།

སྤོབས་པའི་ང་རྒྱལ་རི་དང་མཚོ་ལས་བརྒལ།།
སེམས་ཀྱི་འདུན་མ་འཛམ་གླིང་སྒང་ན་འཐེན།།
དཀའ་སྡུག་གཉིས་འདྲེས་འཚོ་བའི་གྲུ་ཁ་ནས།།
གདོང་གི་ཀུ་མུད་གྲོལ་བའི་བྱེའུ་དང་།།
གང་ལ་འཁྲེང་ཞེན་ཆགས་པའི་ཝན་སྲན་གཉིས།།
སེམས་པ་སེམས་ཀྱིས་སླས་འདི་ཡག་ཏ་རེ།།
སྲུའུ་ཚང་སྲས་མོའི་ཆགས་པའི་མཆུ་སྒྲོས་གཅིག།
ལུའུ་ཚང་སྲས་མོའི་གདོང་གི་པད་ཚལ་གཉིས།།
ད་དུང་སྲོག་སྐྱབས་མཛེས་མའི་འཛུམ་དཀར་སོགས།།
ཝན་སྲན་མ་ཆགས་ཟེར་ན་རྫུན་ཡིན་མོད།།
ལྷིང་འཇག་སྣང་བ་བརྒྱུན་པའི་སྤང་ཐང་ན།།
སེམས་ལ་འཛུམ་པའི་མེ་ཏོག་གཞན་ཞིག་མཆིས།།
སྨྲེང་བ་སྐྱོམ་པའི་ལམ་དུ་ཆས་ཙ་ན།།
སེམས་ལ་ངལ་དུབ་རྡུལ་རླུང་དྲག་ཏུ་འཚུབ།།
འཚོལ་སྙེག་སྤྲིན་གྱི་བང་རིམ་དེ་བས་སྟུག།
རང་བློའི་འཆར་འགོད་བརྟན་པའི་ཝན་སྲན་གྱིས།།
དཀའ་སྡུག་ཆེ་ཆེར་བྲུལ་བའི་ལམ་ཁ་གང་།།
སྤྲོ་དགའི་ཉམས་ཀྱིས་ཕ་མཐར་བརྒལ་བར་བྲེལ།།
སྐྱིད་སྡུག་བར་ནས་འདྲིས་པའི་བྱེའུ་དང་།།
དམ་བཅའི་རི་མོ་བྲིས་པའི་ཝན་སྲན་གཉིས།།
སོ་སོས་སེམས་ན་ཡིད་ཆེས་ཉི་མ་འདྲ།།
འོད་ཟེར་མ་ཉམས་སུའུ་ཀྲུའུ་གྲོང་ན་འཕྲོས།།
མཛའ་བརྩེའི་མེ་ཏོག་སུའུ་ཀྲུའུ་གྲོང་དུ་བཞད།།
ལྷག་མའི་དབུགས་རྒྱུན་ཞི་འཇག་ཁྲོད་ནས་རྫོགས།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/13 བལྟ་ཀློག (1985)