སྐྱོ་གར།

སྐྱོ་གར།


སྲང་མདོ་ཆ་མེད་ཅིག་ཏུ་ཐ་མག་འཐེན།།
རྒྱུས་མེད་བུ་མོ་ཞིག་ཀྱང་གམ་དུ་ཐོན།།
གང་དུ་འགྲོ་ཡིན་ཞེས་ནས་སྐད་དྲིས་པས།།
ཁྱོད་ཀྱི་སེམས་པའི་ནང་དུ་འགྲོ་ཡིན་ཟེར།།
ང་རང་ལམ་སང་ཅི་བྱ་གཏོལ་མེད་བྱས།།
བུ་མོ་ཁྱོད་རང་ཁ་མཚར་ཆེ་དྲགས་ཞེས།།
སྐད་གདངས་དམའ་མོས་སྒོ་ནས་ལན་ཞིག་བཏབ།།
རྐང་ལག་གཉིས་ཀ་འདར་འདར་སིག་སིག་བྱས།།
རྗེས་སུ་རང་ཤག་ནང་དུ་ལོག་སྟེ་ཉལ།།
ཕྱིར་ཉིན་མིག་གཉིས་ཕྱེས་ཏེ་བལྟས་པ་ན།།
མདང་ནུབ་རྨི་ལམ་ནང་ན་འཁྲུལ་བཞིན་གདའ།།
2018/8/13དར་མདོ།

དར་མདོའི་མཚན་གཞས།

སེམས་པ་ངལ་ཞིང་དུབ་དུས།།
སྐྱོ་བའི་གར་དང་གཞས་ཡིན།།
མ་ངེས་འཇིག་རྟེན་ཆེན་པོ།།
སྨྲེང་བའི་གཙང་བོ་འདྲ་བྱུང་།།
ཞེ་ཡི་ཨ་ཅག་བུ་མོ།།
ཞེ་སེམས་འདྲེས་ཐབས་མི་འདུག།
གདོང་གི་ཤ་དང་རི་མོ།།
གཟེར་ཡང་སྨན་པ་མི་འདུག།
དར་རྩེ་མདོ་ཡི་བྱིའུ་ཆུང་།།
ཉིན་སྲིབ་བར་ན་འཁོར་ཡང་།།
ཨ་ཅག་བུ་མོའི་འཕྲིན་ལན།།
ཡིག་སྒམ་ནང་ན་མི་འདུག།
       2018/8/13དར་མདོ།
                   མིག་གསར་བ།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/13 བལྟ་ཀློག (2778)