《མི་ཚེའི་དབྱངས་རྟ།》བཀླགས་རྗེས་ཀྱི་ཟིན་ཐོ།

《མི་ཚེའི་དབྱངས་རྟ།》བཀླགས་རྗེས་ཀྱི་ཟིན་ཐོ།
འབར་མེ། (མགོ་ལོག)

བརྩམས་ཆོས་ངོ་སྤྲོད།
རོང་བོ་དགེ་འདུན་ལྷུན་གྲུབ་ཀྱི་སྙན་དེབ《མི་ཚེའི་དབྱངས་རྟ།》ཞེས་པའི་སྙན་ངག་དེབ་འདིར་རྩོམ་ཡིག་གཞུང་དངོས་ལ་ཁྱོན་སྙན་ངག ༩༧ དང་སྙན་ངག་ཁོ་ནའི་ཤོག་ངོས་༡༣༥ ཡིས་གྲུབ་ཅིང་། རྩོམ་ལུས་ལ་ཚིག་བཅད་དང་རང་མོས་གཉིས་ཀྱིས་གྲུབ་པ་ཞིག་རེད། དེར་སྡེ་ཚན་གཉིས་སུ་ཕྱེས་ཤིང་གཅིག་ནི་ཚིག་བཅད་སྙན་ངག་རྐྱང་བ་རེད་ལ་དེར“སྟོང་བའི་ཁམས”དང་གཅིག་ནི་རང་མོས་ཀྱི་སྡེ་ཚན་ཏེ“ཚོར་བའི་ཀློང་” ཞེས་མིང་བཏགས་འདུག དེབ་དེ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དུས་རབས་ཉེ་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང་གྲས་སུ་ཡོད་པའི་ཁག་བཞི་བ་རེད། ཕྱི་ལོ ༢༠༡༢ ལོའི་ཟླ་༡༢ པར་པར་ཐེངས་དང་པོ་དཔར་བ་ཞིག་རེད་ལ་དཔར་གྲངས༣༠༠༠རེད།

རྩོམ་པ་པོ་ངོ་སྤྲོད།
དེབ་ཀྱི་རྩོམ་པ་པོའི་མཚན་ལ་དགེ་འདུན་ལྷུན་གྲུབ་ཟེར་ཞིང་དྲྭ་མིང་དུ་ལྷམ་གོག་ཟེར་ཐོབ་ཐང་ནི་གྲྭ་བཙུན་སྙན་ངག་པ་རྒན་གྲས་ཤིག་རེད། སྔ་གཞུག་ཏུ་སྦྲང་ཆར་དང་། གངས་རྒྱན་མེ་ཏོག མི་རིགས་རྩོམ་རིགས་སོགས་དང་། ཞིང་ཆེན་ཕྱི་ནང་གི་དུས་དེབ་ཚགས་པར་སོགས་སུ་སྙན་ངག་གཙོར་བྱས་ནས་རྩོམ་ཡིག་སྣ་མང་འབོར་ཆེན་བཀོད་ཡོད་པ་ཞིག་རེད། ད་ལྟ་རོང་བོ་དགོན་ཆེན་དུ། སློབ་ཁྲིད་ཞོར་དུ་སྙན་ངག་གི་ལས་ལ་གཞོལ་གྱིན་འདུག སྔ་གཞུག་ཏུ་རྩམ་ཆོས། <ཕྲེང་བ་ནག་པོ་དང་།> <ལྷ་ཆེན་པོའི་སྙན་ངག> <རྐང་གླིང་སྐྱ་བོ།> < གླེགས་བམ་དཀར་པོ།> <མི་ཚེའི་དབྱངས་རྟ།>སོགས་ཡོད་ལ། ད་ལྟ་བོད་ཀྱི་སྙན་ངག་པའི་ཁྱུ་མཆོག་ལྟ་བུ་རུ་གྱུར་ཅིང་། ཁོང་ནི་དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉིས་སུ་བྱང་ཆུབ་པ་རྟོགས་པའི་སྙན་ངག་པ་ཞིག་རེད། ཁོང་གི“སྙན་ངག་ལ་ཚོར་བའི་ཆོག་ཀྱང་། སྙན་ངག་པ་ལ་ཚོར་བའི་ག་ལ་ཆོག” ཟེར་བ་ལྟར་ཁོང་སྙན་ངག་མ་ཟད་ཐུན་མོང་ཐུན་མིན་གྱི་གཞུང་ལུགས་ཀུན་དུ་མཁྱེན་རྒྱ་ཆེ་བའི་རྩོམ་པ་པོ་ཞིག་རེད།

གླེང་གཞི།
ཀིར་ཐིས“རྩོམ་པ་པོ་ཞིག་གི་རྩོམ་གཤིས་ནི་ཁོའི་ནང་སེམས་ཀྱི་མཚོན་བྱེད་ཡིན།”ཞེས་པ་ལྟར་རྩོམ་པ་པོ་ཁོང་སྙན་ངག་ལ་སྒྱུ་རྩལ་གྱི་ཆ་དང་། བསམ་བློའི་ཆ། མཚོན་དོན་གྱི་ཆ་སོགས་མང་པོ་ཞིག་འདུག་སྙམ། “དབྱངས་ཀྱི་སྐད་པ་འདར་བ་ལ། །ཡང་ཡང་སྣུམ་པའི་ཆོ་ག་མཁན། །རིག་བྱེད་ཚངས་པའི་བུ་མོ་ཀྱེ། །ཟུར་མིག་ཡོན་པོ་གང་དུ་བཙུགས།།„སྙན་ངག་ངག་གི་ཁམས་དང་ལྡན་པ་སྒྱུ་རྩལ་གྱི་རང་བཞིན་དང་། སྲོལ་རྒྱུན་གྱི་མཛེས་ཆ་སོགས་ལྡན་པའི་སྙན་ངག་དང་། ལྷག་པར་དུ«དོར་མ་སྔོན་པོ་ཅན་གྱི་དཀོན་མཆོག»❶ཏུ་ཁོ་རང་ཉིད་གྲྭ་བཙུན་ཞིག་ཡིན་པའི་ཆ་ནས་ད་ལྟའི་བོད་ཀྱི། གྲྭ་བ་རེ་གཉིས་ཤིག་གི་སྤྱོད་པ་ཡ་མ་ཟུང་དེ་རུ་རྒོལ་བ་དང་ཡིད་ཀྱི་ཕང་སེམས་མནོ་བསམ་གྱི་ཆང་བས་གྲུབ་པའི་སྙན་ངག་ཞིག་རེད་ལ། “སེམས་རྩ་དཀྲུགས་པའི་མེ་ལོང་ནག་པོ་ཞིག །མཆོད་པའི་ལྷ་མོ་སྟོང་གི་མདུན་དུ་བཤམས། །སྒེག་རྫས་དྲི་ངད་ལྡང་བའི་སུན་རྩེར་གྱི། །འདུལ་བའི་ངེས་འབྱུང་ཅན་ཚོ་རི་ལ་བྲོས།།„ཤེས་སོགས་འདི་ལྟར་མཁྱེན་རྒྱ་དང་རྟོགས་པ་མཐོ་བའི་དགེ་འདུན་པ་དག རི་ཁྲོད་དང་དབེན་ས་འགྲིམ་ནས་བསྡད་འདུག་མོད། ཡིན་ཡང་རེ་ཟུང་། ཁེ་ཕན་དང་སྙན་གྲགས་འབའ་ཞིག་བློས་མ་འཐུང་བས། སྐྱ་མི་སེར་མིན་བྱས་ནས་ཁྱིམ་ཚང་འགའ་རུ་སོང་ནས་འདོན་པ་སྦྱོར་དངོས་རྗེས་གསུམ་གྱིས་མ་ཟིན་པ་ཞིག
ཉིན་འགའ་རུ་འདོན་ནས་སྒོར་རྡོག་རེ་འཁྱེར་ནས་འགྲོ་མཁན་དག་ལ་བྲིས་པ་ཞིག་རེད་སྙམ། «འཕུར་མ་ལྡིང་གི་རླུང་ནག»དང་«དབྱངས་ཀྱི་སྐུད་པ།»«གླག་རྒོད།»དག་ཆུང་དུས་ཀྱི་སྣང་བརྙན་དང་འཆར་ཡན་གྱི་མཛེས་པའི་ཡོངས་སུ་ཕྱུག་པའི་སྙན་ངག་ཅིག་དང་། «སྟོན་པ་སངས་རྒྱས།»«མཁའ་འགྲོའི་བརྩེ་གླུ།»«ཡབ་རྗེ་བླ་མའི་འོད་ཟེར།»«ང་རྡོ་རྗེ་གླུ་ལ་ཐོགས་པ་མེད།»«སྒོམ་གཞས།»སོགས་སུ་ནང་ཆོས་ཐ་སྙད་དག་དང་དད་སེམས་ཀྱི་རང་སྒྲ་གྲྭ་བཙུན་གྱི་འཚོ་བ་སོགས་བརྗོད་ཅིང་། “བརྩེ་སེམས་གྲུ་གཟིངས་ཚོམས་སུ་སྤུངས་པའི། །ཕྱིར་དྲན་སྐྱིད་སྡུག་གི་སྣང་བ་བན་བུན། །ངེས་འབྱུང་མུ་ཏིག་གི་རྒྱུན་ཐག་ལྷོད་དེ། །སྙིང་གི་སྒོ་མོ་ནས་དེ་རིང་བརྡོལ་བྱུང་།།„སོགས་མི་ལའི་མགུར་སོགས་ཀྱི་རྣམ་པ་ཅན་འགའ་ཡང་འདུག་ལ། «རྣོ་སྦྲེང་དཀྲོལ་བའི་རས་པ།»དང་«སྙན་དེབ་ཅིག་དང་ངལ་གསོ་ཞིག»དག་དུ་གཙོ་བོ་སྙན་ངག་པ་གཅན་མེ་སྟག་དང་ཁོང་གི་སྙན་ངག་དེབ«ཚེར་སིལ་སྐྱ་བོ།»❷གཉིས་སུ་བྲིས་ཤིང་སྙན་ངག་པ་གཅན་མེ་སྟག་ནི་ཁོང་ཆེས་དགའ་མོའི་ཅན་གྱི་སྙན་ངག་པ་ཞིག་ཡིན་ཤེས་ཐུབ་འདུག «ལོ་ལོ་གཉིས་ལ་བྲིས་པ།»ཞེས་པའི་ནང་དུ“ན་རག་པྲ་ཆལ་གྱི་ལས་ཀར་མ་འཇུག །ཁ་ལེན་ཚིག་བརྩི་ཞིག་བྱ་རྒྱུ་གལ་ཆེ། །བརྩེ་བའི་མ་ལོ་དེས་སྙིང་ཤ་དྲོན་མོ། །གསེར་དངུལ་སྟོང་ཕྲག་གི་ཁུག་པ་མིན་ནོ།།„ཟེར་བ་སོགས་སུ་དེང་དུས་ཀྱི་ཕ་མ་རུ་བརྩི་བཀུར་མེད་པ་སོགས་མཚོན་བྱེད་ཀྱི་སློབ་གསོ་ཟབ་ཚད་དང་བསམ་བློ་ཤུགས་ཆེ་བར་སྙམ།
ད་དུང་ཁོང་གི་སྙན་ངག«མཆོད་སྤྲིན།»ལ་བལྟས་ཚེ་ཁོང་ཐེག་ཆེན་དབུ་མ་པའི་སྟོང་ཉིད་དང་ཚད་མ་པའི་ཐ་སྙད་སོགས་སུ་བྲིས་ཡོད་ལ། «རྒྱུ་འབྲས་ལ་སྤྲིངས་པའི་དོ་ཧ།»རུ“ང་ནི་ཨ་མ་པང་དུ་སྙོར་ཙམ་ནས། །མ་ཎི་འཁོར་ལོ་འཁོར་བའི་འགྲོས་ལ་བལྟས།།„བོད་ཀྱི་འཚོ་བའི་ངོ་གདོང་སྟོན་ཡོད་པ་ཞིག་རེད། བོད་ནི་གནའ་དུས་ནས་བཟུང“ཨ་མ་ཞེས་སྨྲ་ཤེས་པ་དང་། མ་ཎི་འདོན་ཤེས་པ”དུས་མཚུངས་ཀྱི་མི་བུ་ཁོ་ན་ཞིག་རེད། ཆུང་དུས་ནས་ཀྱང་མིག་གི་རིག་ས་ནི་ཕ་མ་དང་འཁོར་ལོ། རྣ་བས་གོ་ཐུབ་པ་ནི་མ་ཎི་དང་གཅེས་ཕྲུག་སོགས་རེད། སྙན་ངག་འདིའི་ནང་དུ་བོད་ཀྱི་ཐུན་མིན་གྱི་ལས་ཀ་དང་འཚོ་བ་མང་པོ་ཞིག་གསལ་བར་བྱས་འདུག «གྲོགས་རྩེ་སྨིན་གྲོལ་ལ་ཕུལ་བ།»ཞེས་པ་རུ“ཁྲ་ཁྲ་རིག་རིག་གིས་མིག་དབང་བསླུ་བའི། །དུས་རབས་གསར་བ་ཞེས་དགའ་རྒྱུ་མི་འདུག„ཞེས་པ་འདིར་བསམ་བློ་བཏང་ཚེ། སྙན་ངག་པ་ཁོང་ནི་དེང་དུས་ཀྱི་མི་སེམས་བསླུ་བྱེད་ཀྱི་དངོས་པོ་མང་སའི་དུས་རབས་འདི་ཞེན་ཆགས་སོགས་དེ་འདྲ་མི་འདུག་པ་ཤེས་ཐུབ། མདོར་ན་སྙན་དེབ་ནང་གི་སྙན་ངག་་ཚིག་ཕྲེང་རེ་རེར་གཙོ་ཆེར་བྲིས་པས་སྙན་ངག་གི་ཐ་སྙད་ནང་དུ“ཆོས་གཞུང”གི་ཐ་སྙད་མང་དུ་མངོན་པར་བྱས་འདུག་ལ། བལྟས་པ་ཙམ་གྱིས་རྩོམ་པ་པོ་ཁོང་གྲྭ་བཙུན་སྙན་ངག་པ་ཞིག་ཡིན་པ་གསལ་བོ་ཤེས། འདི་ནི་སྙན་ངག་པ་ཁོང་གི་ཐུན་མིན་གྱི་རྩོམ་རྩལ་ཞིག་ཀྱང་རེད་སྙམ།

མཇུག་བྱང་།
སྙན་དེབ་འདིར་ཐེངས་དུ་ལ་བལྟས་པའང་གསལ་བོ་ཤེས་མ་སོང་རྒྱུ་མཚན་ང་རང་ལོ་ཆུང་ངུ་དུས་ནས་ཁ་ཏོན་ལྟ་བུ་བྱས་བྱས་པས་མཐའ་མར་དེའི་ནང་སྙན་ངག་འགའ་བློ་རུ་སོང་འདུག དེང་སྐབས་ད་དུང་ཡང་འགའ་ཞིག་འཇག་འདུག་ད་ཐེངས་འདིར་ཁོང་གི་སྙན་དེབ་དེར་ཐེངས་གཉིས་བལྟས་རྗེས། རང་ཉིད་ལ་ཆུང་དུས་ཀྱི་འཚོ་བ་དང་ཚོར་བ་བསྐྱེད་དུ་བཅུག་སོང་། དེའི་ཕྱིར་ད་ཐེངས་སྙན་དེབ་འདིར་རང་ཉིད་ལ་བརྗེད་བྱང་ཙམ་དང་ཡང་ན་ཟིན་བྲིས་ཤིག་གིས་ཚུལ་དུ་བྲིས་པ་ཞིག་ཡིན། སྤྱིར་ཁོང་གི་སྙན་ངག་གི་མཚོན་དོན་དང་སྒྱུ་རྩལ། ཐབས་རྩལ། འབྲི་རྩལ། རྩོམ་གཤིས་སོགས་ང་ལྟ་བུའི་བློ་གྲོས་ཆུང་བ་དག་གི་བློ་ངོར་དུ་ཤོང་དཀའ་ལ། ཤོང་ཀྱང་དེ་ནི་ཡིག་ཚོགས་ཉུང་ངུ་འདིར་བརྗོད་ཐུབ་པ་ཞིག་ཀྱང་མ་རེད། ཁོང་གི་སྙན་དེབ་དེས་སྤྱིའི་ཆ་ནས་འདོད་ཚུལ་ཙམ་བྲིས་པ་ཡིན་པས་བཀྲ་ཤིས་པར་གྱུར་ཅིག
ཕྱི་ལོ་༢༠༡༨ལོའི་བོད་ཟླ་༦པའི་ཚེས་༢༩་ཉིན་རྔ་བ་རྨེ་རུ་མ་ནས་བྲིས་སོ།།

མཆན།
❶༢༠༡༣་ལོའི་སྦྲང་ཆར་སྤྱི་དེབ་གྲངས། ༡༢༠ པ།
❷ཚེར་སིལ་སྐྱ་བོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/18 བལྟ་ཀློག (6784)