རིག་གནས་ནི་མི་རིགས་སྲུང་བའི་མཁར་རྫོང་ཡིན།


རིག་གནས་ནི་མི་རིགས་སྲུང་བའི་མཁར་རྫོང་ཡིན།

ཐུབ་གཞོན།

    དུས་རབས་ཉེར་གཅིག་པའི་བར་མཚམས་འདི་ནས་བོད་ཀྱི་རིག་གནས་ལ་དུས་དང་དུས་སུ་འཇབ་རྒོལ་ཐེབས་པའི་རྒྱུ་རྐྱེན་ནི་མི་རིགས་རང་གི་རིག་གནས་ཀྱི་ཞག་རྩི་མ་ཡལ་བའི་མི་གྲངས་ནི་རིག་གནས་ལ་བག་ཆགས་སྲབ་པའི་མི་གྲངས་ལས་ཉུང་སོང་བས་ལན་པ་རེད།  དཔེར་ན་མི་ལས་རྟ་ལ་གཅེས་སྐྱོང་བྱེད་པ་བཞིན་ནོ། །

     དུས་རབས་ཉེར་གཅིག་ནི་ཚན་རིག་དྲིན་ཆེན་དུ་འབོད་པའི་དུས་རབས་ཤིག་ཡིན་ན་ཡང་། ཕྱིའི་འཕེལ་རྒྱས་ཀྱིས་ནང་བཅུད་ཀྱི་སེམས་ཅན་ལ་བདེ་སྐྱིད་གཡའ་དག་པ་ཞིག་སྟེར་ཐུབ་ཀྱི་མེད་དོན་ནི། ཕྱིའི་དངོས་པོའི་བདེ་སྐྱིད་ལས་གལ་འགངས་ཆེ་བ་ནི་ནང་སེམས་ཀྱི་བདེ་སྐྱིད་ཡིན་པས་དཔལ་ནལེནྡྲའི་རིག་གནས་སྙིང་སྟོབས་ནི་ཚན་རིག་གི་བླ་ན་མེད་པའི་བློས་ཐུབ་གྲོགས་པོ་ཤིག་ཡིན།

    ང་ཚོས་སྙེག་བྱ་མཐར་ཐུག་ནི་བདེ་སྐྱིད་ཡིན་ནའང་། གསར་གཏོད་དང་། ཀུན་རྫོབ་ལ་རྣམ་པར་ཞེན་པས། བདེ་སྐྱིད་དང་། རང་དབང་། རིག་གནས་ཀྱིས་བརླག་བཞིན་པར་བསམ་སྟེ་རང་གི་རིག་གནས་ལ་དུང་ཞེན་རྦད་དེ་ཉམས་ནས་གསར་ཞེན་དང་གཞན་གྱི་རིག་གནས་མངོན་པ་དང་མི་མངོན་པ་དེས་རང་ཉིད་ཀྱི་ཀླད་པ་གཙང་མར་བཀྲུ་བཞིན་ཡོད།

    ང་ཚོས་དད་པ་ནི་རྨོངས་ཞེན་ཞིག་ཏུ་འདོད་ཀྱི་ཡོད་ལ། གཞན་གྱིས་དད་པ་ནི་ད་གཟོད་མི་རིགས་སྲུང་བྱེད་དང་རྒྱལ་ཁབ་གསོ་བྱེད། རིག་གནས་སྲུང་བྱེད་ཀྱི་བཙན་རྫོང་ཞིག་ཏུ་འདོད་ཀྱི་ཡོད། རང་གི་རིག་གནས་ཀྱི་ཞག་རྩི་ལྡག་མ་ཐུབ་པའི་མི་ནི་ཆེས་འཇིགས་སུ་རིང་བ་ཞིག་ཡིན་ལ། རིག་གནས་སྤྱི་ཚོགས་ཀྱིས་ནམ་ཡང་རིག་གནས་མེད་པའི་སྤྱི་ཚོགས་ལ་རྒོལ་རྡུང་དྲག་པོ་བྱེད་པར་ངེས།

     དཔལ་ན་ལེནྡྲའི་རིག་གནས་སྙིང་སྟོབས་ནི་དད་པ་ཁོ་ན་རྒྱུ་མཚན་དུ་བྱས་པ་ཞིག་མིན་པས་དེ་ལྟར་ལབ་མཁན་གྱི་གང་ཟག་ནི་ཁྲོན་པའི་ནང་གི་སྦལ་བ་ལས་མ་འདས་ལ།   ད་དུང་དཔལ་ན་ལེནྡྲའི་རིག་གནས་ནི་ཐུན་མོང་གི་སྤྱོད་བྱར་གྱུར་བའི་རིག་གནས་ཤིག་ཏུ་མི་འདོད་པ་ནི་རིག་གནས་གང་གི་བཅུད་རང་བློས་རྣམ་དཔྱོད་ཀྱིས་རྩལ་དུ་བཏོན་མ་ཐུབ་པའི་བརྟག་འབྲས་ཁོ་ནའོ། །

    རིག་གནས་ནི་རང་ཚུགས་དང་སྤོབས་པ་སྐྱེད་བྱེད་ཀྱི་མ་ལག་ཅིག་ཡིན་པས།  གལ་ཏེ་མི་རིགས་གང་གི་རིག་གནས་བག་ཆགས་ཀྱིས་རང་སེམས་ཀྱི་ལྗོན་པ་བརླན་པ་མེད་ན་ཁྱོད་ནི་ད་གཟོད་དུས་རབས་ཉེར་གཅིག་པའི་ཁུད་དུ་ལུས་པའི་མི་ཡི་རང་བཞིན་ཅན་གྱི་རྩེད་ཆས་རྐྱང་རྐྱང་ཁོ་ན་ལས་ཁྱོད་ལ་དེ་ལས་གཞན་པའི་རིན་ཐང་གང་ཡང་ཡོད་མི་སྲིད།

    འགྲོ་འདུག་ལ་བོད་ལུགས་རང་བཞིན་མེད་པ་ནི་དམངས་ཁྲོད་དུ་རྒྱུན་འབྱམས་སུ་སོང་བའི་མི་རིགས་མཚོན་བྱེད་ཀྱི་བརྡ་རྟགས་གལ་ཆེ་བ་ཞིག་ཁྱོད་རང་ཉིད་ཀྱི་སྟེང་ནས་ཉམས་ནས་སླར་གསོ་ཐབས་བྲལ་བའི་གནས་སྐབས་སུ་སྐྱེལ་ཡོད་པ་ག་ལེར་བསམ་ན་རིམ་གྱིས་རྟོགས་ཡོང་ངེས།

༡༨/༧/༡༣ཉིན།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/9/1 བལྟ་ཀློག (2031)