ཁེར་རྐྱང་གི་སྒྲུང་།

ཁེར་རྐྱང་གི་སྒྲུང་།

ཆོས་ཚ་གཤེད་ནག་མ། 


   སེམས་ཀྱི་ཡོལ་གོ་ལ་ཝ་ལེར་དྲན་ཡོང་བ་ནི་ཁྱོད་དང་ཁྱོད་ཀྱི་བབ་ལ་ཆགས་པའི་འཛུམ་མདངས་དང་ལྷོད་ཤ་འཇམ་པའི་གཤིས་ཀ། ད་དུང་རྩེད་ཞོར་དགོད་ཞོར་ཁྱོད་ཅེས་འཁྱུག་ཙམ་གནང་བའི་ངོ་གདོང་དེ་དང་ཆ་མེད་ནས་ཆ་ཡོད་ཆགས་པའི་གོ་རིམ་ནས་ཚེ་སྲོག་གི་ཆེས་མཐའ་མཇུག་ལ་དྲན་པ་མཚོན་བྱེད་དུ་མགུ་བའི་ཁྱོད། 


    འདི་ནས་ཡར་རྩིས་པའི་ལོ་གཉིས་ཀྱི་སྔུན་ལ། ལས་དབང་གི་བཞི་མདོར་ནག་ཡོར་བའི་རྒྱབ་གཟུགས་ཤིག་དང་འཛུམ་ཙམ་གནང་བའི་ངོ་གདོང་ཞིག་ཐོག་མར་སེམས་ཀྱི་ངོར་བབས་ཤིང་། ཡིད་ཀྱི་གཏིང་ཀར་འཛིང་བའི་ནམ་ཞིག་ཁྱོད་དང་སྙིང་ཉེ་བའི་ཁ་བརྡ་ཞིག་བྱ་བར་བྲེལ་འཚུབ་ཀྱིས་ཁེངས། ཁྱོད་ང་དང་བར་མི་རིང་བའི་གྲལ་དཀྱིལ་ཙོག་སྟེ་སྐྱ་མདོག་གི་ཟིན་བྲིས་དེར་བལྟ་ཞོར་ཅི་ཞིག་ལ་འདང་བརྒྱག་པའི་ཟོལ་གྱིས་སྒེའུ་ཁུང་ཕྱོགས་ལ་བལྟ་ཙམ་དང་ཕྱིར་མགོ་བོ་ནང་གུག་ནས་ངུ་མྱངས་ཙམ་བྱས་སོང་འདོད་པའི་སྣང་བ་ཞིག་ཐོག་མར་སྐྱེས་བཅུག ཉིན་གུང་ཙམ་བྲེལ་སྟབས་ཀྱིས་ཁྱོད་ཀྱི་འདུག་སར་ཡོང་སྟེ་མིང་ལ་ཅི་ཟེར་སོགས་བལྟ་ཙམ་བྱས་རྗེས་སེམས་དགའ་སྤྲོས་བརྟས་ཏེ་མལ་ཁང་ནང་ལོགས། ཕྱི་དྲོར་ཁྱོད་ཁོ་ནའི་རྒྱབ་གཟུགས་ལ་མིག་གེར་རེ་ལས་བྱ་སོགས་གཏིང་བརྗེད་དུ་གྱུར་ཏེ་དགྱའི་སྐད་ཡིག་དགེ་རྒན་གྱིས་ངར་གཤེ་གཤེ་བཏང་སྟབས། ཧ་ཅང་སྐྱེངས་པའི་ཚུལ་ནས་གུས་གུས་བྱམས་བྱམས་ཀྱི་འདུག་སར་ཡར་ལངས་ཏེ་དུས་ཚོད་མང་དག་བསྐྱལ། དེ་གར། ཁྱོད་ཁོ་ནའི་འགྲོ་འདུག་བསྐྱོད་གསུམ་ལ་ཞིབ་པར་འཇུས་ཏེ་གཟའ་འཁོར་གཉིས་ཙམ་སོང་ཙ་ན། གྲོགས་པོ་ཚོས་ཁ་ནས **ས **ར་འཕྲིན་ཡིག་ཅིག་བྲིས་ཏེ་ཕྱིན་རབས་སོགས་ཐོས་འཕྲལ། རང་ནས་ཅིག་འབྲི་བར་སྙམ་འཕྲིན་ཡིག་དེའི་འགོ་གླེང་ཙམ་གྱིས་ཅིའི་ཕྱིར་གཞན་ལུགས་རང་སྤེལ་བྱ་དགོས་བསམ་གྱི་ཁྱོད་དང་ཆེས་ཐོག་མར་ཉེ་བར་བཅར་ཏེ་ཁ་བརྡ་བྱས་འགོ་ཚུགས། 


    མི་ཚེ་ནི་འགྲུལ་བཞུད་ཐེངས་ཤིག་སྟེ། མགོ་རྟེན་འབྲེལ་དང་མཇུག་རྟེན་འབྲེལ་གྱིས་སྦྲེལ་ན་མི་རུ་སྐྱེས་པ་དོན་དུ་ཡོང་བར་འདོད། ཚེ་སྲོག་གི་ཕམ་ཁ་སྟེ་མི་རུ་སྐྱེས་ཀྱང་སྐྱིད་པའི་ཚོར་བ་རྙེད་པའི་ནུས་པ་མེད་པ། མིག་ཟུང་ཡོད་ཀྱང་མཛེས་པའི་ཉམས་མི་མཐོང་བ། རྣ་བ་ཡོད་ཀྱང་སྙན་པའི་སྒྲ་མི་ཐོས་པ། ཁ་ཡོད་ཀྱང་ཞིམ་པོའི་ཟས་མི་ཚོར་བ་སོགས་ནི་ཅི་འདྲའི་ཞེ་ཕངས་པ་ཞིག་རེད་ཨང་། མི་རེ་རེར་འཚོ་བ་ཞིག་ཡོད་ཅིང་། མི་རེ་རེར་བརྩེ་གདུང་རེ་ཡོད་རྐྱེན། ངས་ནམ་དཀར་བར་སྒུག


     དེ་ལྟར། འཛིན་གྲྭ་ཁ་ཚང་གཞོགས་གཅིག་ཏུ་ཨ་མྱེ་བྱ་ལག་ལ་བསང་ཕུད་དུ་འགྲོ་ཉིན་འུ་གཉིས་ལྷན་དུ་སོང་ལ། ལམ་ནས་ཁ་བརྡ་མང་པོ་མ་ཡོད་ཀྱང་གྲལ་དག་པའི་གོམ་འགྲོས་དང་གདང་ཉམས་པའི་སྐད་ངག ཚིག་དག་པའི་འབྲུ་སོགས་ཀྱིས་ངའི་སེམས་པར་ཁྱོད་གཞན་དང་འདྲ་བོ་མི་འདུག་སྙམ། བསང་ཕུད་དེ་ཕྱིར་ལོག་པའི་བར་སྐད། མི་ཚོ་རེ་རེ་བཞིན་རང་སོར་གྱེས་ལ། དོན་བྱ་ཡོད་མེད་ཐ་དག་གིས་སྲང་བར་ཉུལ་འགོ་ཚུགས། ཕལ་ཆེར་ཆུ་ཚོད་དགུ་བ་ཡིན་དཔེ། འུ་གཉིས་མུ་ནག་གི་སྲང་བར་དེ་ནས་སོ་སོར་གྱེས། ཁྱོད་རང་རྒྱང་བཀྱེད་པའི་ཚུགས་ཀར་བལྟ་བཞིན་ཡིད་ངོར་མ་འོངས་པར་ང་ལ་ཁྱོད་ལྟ་བུའི་ཆུང་མ་སྲ་མཁྲེགས་ཅན་ཞིག་དང་བརྩེ་གདུང་ཅན་ཞིག་དགོས་སྙམ།


      ཡུན་རིང་མ་འདས་ཕྱིན། སེམས་རྣལ་ལ་ཕབས་ཏེ་འུ་གཉིས་ཀྱི་འདྲེས་ལ་གོམས་པའི་ཉིན་མཚན་དག་ལ་ཕྱིར་དྲན་བྱ་ཐེངས་རེར། ང་ལ་བཤད་མི་ཤེས་པའི་དགའ་སྐྱོའི་ཚོར་བ་ཞིག་སྐྱེས་ཡོང་ལ། དེ་ནི་ཁྱོད་ད་དུང་ཡང་ང་ལ་མ་ཐོབ་པའི་རྐྱེན་ཡིན་ནམ། ཡང་ན་འུ་གཉིས་ལ་ད་དུང་ཡང་གསལ་ཆ་མེད་སོང་བར་འདོད་པས་ཡིན་ནམ།


      གང་ལྟར། ཉིན་མཚན་གྱི་ཁ་གྲངས་མཛུབ་མོར་བགྲང་བཞིན་དུས་མཐར་སླེབས་སོང་། ཡིན་ཙང་། ཁ་ཕྱིར་འཁོར་ཏེ་བསམ་གཞིགས་ཤིག་བཏང་ཙ་ན། ཟླ་གཉིས་ལྷག་རིང་དོན་ལ་ངས་ཁྱོད་ལ་ཅི་ཞིག་བཤད་སོང་། སྙིང་གཏམ། བརྩེ་གདུང་། ཕུགས་བསམ། ཡང་ན་འབྱུང་འགྱུར་སོགས་གང་ཞིག་གླེང་སོང་། ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ཏེ་ཕན་ཚུམ་ཐམ་འཁྱུད་གནང་བའི་རི་དྭགས་དག་མཐོང་ཚེ། སེམས་སྨྲེང་ནས་ཅི་ཞིག་ཤོད་དཀའ་བའི་ཚོད་ཡིན་མོད། ཆེས་མཐའ་མཇུག་ལ་ངས་ད་དུང་ཡང་ཁྱོད་ལ་བརྩེ་གདུང་གི་གཏམ་རྒྱུད་ཆ་ཚང་ཞིག་འབྲི་མ་ཐུབ།


    སྐྱེ་འཆིའི་དུས་ཚོད་ནང་སོ་སོའི་གནས་མལ་དུ་ལོག་འཇོག་པ་ཆོས་ཉིད་དུ་གྲུབ་མོད། འོན་ཏང་། དགའ་རྣམ་དག་དང་དུངས་ཤ་སྟག་གི་ལོ་ཟླའི་ཉིན་མཚན་ལ་ཁེར་རྐྱང་གི་འཚོ་བ་དང་ཁེར་རྐྱང་གི་གཏམ་རྒྱུད་ཁོ་ན་ལས་ལྷག་མ་སོང་། ད་ལྟ། ཁྱོད་རང་དཔེ་ཁང་ག་གེ་མོའི་ཞབས་ཞུ་ཡིན་པར་འདུག ང་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ཤོག་བྱང་ལ་སྡོམ་ཚིག་བརྒྱབ་སྟེ་སུ་ཞིག་གི་བརྩེ་གདུང་གི་མངལ་བར་དྲོད་ཁོལ་གྱི་མགོ་བསྙེས་པར་བྱ་སྲིད། 


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/9/1 བལྟ་ཀློག (2560)