ཨ་མུན་སེལ་གསེར་གྱི་རྟགས་མ་དང་སྐབས་གསུམ་པའི་གླུ་དབྱངས་འགྲན་སྡུར།


     སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༡༠བའི་ཚེས་༤ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་སློབ་གསོ་ཅུས་དང་རྔ་བ་རྫོང་རིག་གནས་རྒྱང་སྒྲོག་ལས་ཁུངས། རྔ་བ་རྫོང་ཨ་མུན་སེལ་རིག་གནས་དར་སྤེལ་ལས་ཁུངས་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་ཨ་མུན་སེལ་སློབ་གསོའི་གསེར་གྱི་རྟགས་མ་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་ལ་ཕུལ་ཞིང་ཨ་མུན་སེལ་རྟགས་མའི་བྱིས་པའི་རིག་རྩལ་འགྲན་ཚོགས་སྐབས་གསུམ་པ་གཟབ་རྒྱས་ངང་རྔ་བ་རྫོང་གླུ་གར་ཁང་དུ་འཚོགས་འགོ་བརྩམས།

      ཚོགས་ཐོག་ཏུ་གདན་ཞུའི་སྐུ་མགྲོན་བདུང་ལེན་པ་གྲགས་ཅན་རྒན་དཔལ་མགོན། བདུང་ལེན་པ་རྨ་ཆུའི་བསམ་གཏན། ལས་བྱེད་རྒན་པ་ཁཱ་ཤཱིའི་སྐལ་ཚུལ། གཉན་པོ་གཡུ་རྩེའི་ཟློས་གར་ཚོགས་པའི་བསྟན་པ། བོད་ཀྱི་དམངས་གླུའི་རྒྱུད་འཛིན་པ་མགར་གླུ་བ་བསམ་ལྷུན་སོགས་ཡོད།

      ཟུར་ཞུགས་གདན་ཞུའི་སྐུ་མགྲོན་རྔ་བ་རྫོང་རིག་རྩལ་རྒྱང་སྒྲོག་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་འཐུས་ཚབ་དང་རྔ་བ་རྫོང་སློབ་གསོ་ཅུས། རྔ་བ་རྫོང་སྲིད་གྲོས་དང་སྲིད་གཞུང་གི་འཐུས་ཚབ་པ། བོད་ཁམས་ཀྱི་སློབ་གྲྭ་གང་མང་ནས་ཡོང་བའི་ན་ཆུང་འགྲན་ཞུགས་སློབ་མ་དང་དགེ་རྒན་དང་ཁྱིམ་བདག  རྔ་བ་རྫོང་གི་དགོན་སྡེའི་རིག་གནས་མཉམ་ཞིབ་ཚན་ཆུང་གི་འཐུས་ཚབ་པ་སྤྲུལ་བའི་སྐུ་ས་སྒང་འཇམ་དབྱངས་ཐུབ་བསྟན་དར་རྒྱས།  བསེ་དགོན་གྱི་བསྟན་བདག་མཁར་སྤྲུལ་བཀྲ་ཤིས་དོན་ཁོ་དང་ཁཱ་ཤེར། གཞན་ཨ་འདུས་དགོན་གོང་མ་སོགས་ཀྱི་བླ་སྤྲུལ་འགའ་གདན་ཞུ་བྱས་པ་བཞིན་རྒྱབ་སྐྱོར་གྱི་ཚུལ་དུ་ཕེབས་ཡོད་པར་མ་ཟད་རྔ་བའི་ཚོང་རམས་པ་གང་མང་ཞིག་གིས་ཨ་མུན་སེལ་སང་ལ་སྔ་གཞུག་ཏུ་རྒྱབ་སྐྱོར་བླ་མེད་གནངས་པར་ཨ་མུན་སེལ་སང་གིས་ལེགས་སྐྱེས་ཕུལ།

      ལྷག་ཏུ་ཨ་མདོ་རྔ་བའི་ཨ་མུན་སེལ་རྟགས་མའི་བྱིས་པའི་རིག་རྩལ་འགྲན་ཚོགས་སྐབས་གསུམ་པའི་སྟེང་དེང་རབས་བོད་ཀྱི་ན་གཞོན་སློབ་གསོ་བ་རྟའུ་ཐུབ་བསྟན་ཉི་མ་ལགས་ཀྱིས་ཉམ་ཐག་དྭ་ཕྲུག་མང་བོར་བྱམས་བརྩེ་དྲོན་མོ་དང་ལྷག་བསམ་རྣམ་དག་གིས་ཤེས་ཡོན་དང་མདུན་ལམ་བསྩལ་དང་སྩོལ་བཞིན་ཡོད་པ་ལ་དགའ་བསུ་དང་ཡི་རང་མཚོན་བྱེད་དུ་ཨ་མུན་སེལ་སློབ་གསོའི་གསེར་གྱི་གཟེངས་རྟགས་གནངས་ཤིང་ཁོང་གིས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་མཚམས་སྦྱོར་བརྙན་བསྡུས་དང་ངོ་སྤྲོད་བྱས་པས་ཚོགས་ཞུགས་ཡོངས་ལ་ཡིད་འགུལ་ཟབ་མོ་ཐེབས་ཏེ། རྔ་བའི་ན་གཞོན་ཚོང་ཚོགས་ཀྱི་འཐུས་ཚབ་པ་དང་རྔ་བའི་ཚོང་རམས་པ་རྣམས་ཀྱི་འཐུས་ཚབ་མི་སྣ་མང་བོས་དྲི་མེད་ལྷ་དར་དཀར་པོས་ཐོག་དྲངས་ཏེ་བཀའ་དྲིན་ཞུས་ཤིང་ཁོ་ཚོར་མཚོན་ན་ཁྱེད་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རང་དང་དགའ་མགུ་ཡོད་ཅེས་ཚོང་རམས་པ་འགར་མིག་མཐར་མཆི་མ་ལྷུང་བའང་སློབ་གཙོའི་སེམས་ཀྱི་དྲོད་དུ་ཁྱེར་ཡོད།

     དེ་དང་བསྟུན་ཏེ་རྔ་བའི་ས་སྒང་དགོན་གྱི་གྲྭ་བཙུན་ཡོན་ཏན་པ་དང་ལྷག་བསམ་ཅན་འཇམ་དབྱངས་མཁྱེན་རབ་ལགས་ལའང་ཨ་མུན་སེལ་ཚང་གིས་ཕ་ཡུལ་རྒྱབ་ཏུ་དོར་ཞིང་རང་དོན་ཡལ་བར་བོར་ནས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ལས་དོན་རླབས་པོ་ཆེ་སྒྲུབ་བཞིན་པར་བསྟོད་བསྔགས་དང་བཀའ་དྲིན་ཞུས་ཡོད།

        དེ་རིང་ནས་ཨ་མུན་སེལ་རྟགས་མའི་སྐབས་གསུམ་པའི་གླུ་དབྱངས་འགྲན་སྡུར་ཉིན་གསུམ་རིང་བསྟུད་མར་སྤེལ་རྒྱུ་རེད།


ཚོགས་རའི་ཟུར་ངོས་ཤིག


ཨ་མུན་སེལ་སློབ་གསོའི་གསེར་གྱི་གཟེངས་རྟགས་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མར་འབུལ་བཞིན་པ།


ཨ་མུན་སེལ་སློབ་གསོའི་གསེར་གྱི་གཟེངས་རྟགས།


ཨ་མུན་སེལ་སློབ་གསོའི་གསེར་གྱི་རྟགས་མ།


དེབ་རབས་བོད་ཀྱི་ཕུལ་བྱུང་སློབ་གསོ་བ་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མས་གསུང་བཤད་གནང་བཞིན་པ།


རྔ་བའི་ཚོང་རམས་པ་རྣམས་ཀྱིས་ཁོང་ལ་བཀའ་དྲིན་མཚོན་བྱེད་དུ་ཁ་བཏགས་འབུལ་བཞིན་པ།

རྔ་བ་རྫོང་ཨ་མུན་སེལ་རིག་གནས་དར་སྤེལ་ཁང་གི་གཙོ་འགན་པ་བློ་འཕྲིན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།


 གཙོ་སྒྲུབ་ལས་ཁུངས།

རྔ་བ་རྫོང་རིག་རྩལ་རྒྱང་སྒྲོག་གསར་འགྱུར་དཔེ་སྐྲུན་ཅུས།

རྔ་བ་རྫོང་སློབ་གསོ་ཅུས།

རྔ་བ་རྫོང་ཨ་མུན་སེལ་རིག་གནས་དར་སྤེལ་ཁང་།


主办方:

藏区第三届阿梦萨儿童文艺大赛。

阿坝县文体广电新闻出版局、阿坝县教育局、阿坝县阿梦萨文化传播有限公司

ཡུལ་དངོས་གསར་འགོད་པ།  ཁཱ་ཤེས་རབ་རྒྱ་མཚོ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/10/4 བལྟ་ཀློག (8987)